མཐུན་སྒྲིལ་དམ་པོ་བྱས་ཏེ་མཛའ་བརྩེའི་མེ་ཏོག་བཞད།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།
སྤེལ་དུས།: ༢༠༢༥ ལོའི་ཟླ་ ༨ ཚེས་ ༡༨

“མེ་འཁོར་ལ་བསྡད་དེ་ཁུ་ནུ་ལ་འགྲོ”ཞེས་པའི་མཚོ་ནུབ་ཁུལ་གངས་འཁྱགས་འགྲུལ་བཞུད་བྱེད་སྒོ་དངོས་སུ་སྤེལ་མགོ་ཚུགས་པ།

“འོ་མ་བཞོ་བ་དང་འོ་མ་དཀྲོགས་པ། རྩྭ་ཐང་དུ་མཆོང་རྒྱུགས་བྱེད་པ་བཅས་ནི་ང་ཚོར་མཚོན་ན་སྔ་ན་མེད་པའི་མྱོང་བ་ཞིག་རེད།” ཐེམ་ཆེན་རྫོང་གི་སྨི་3000ཡོད་པའི་མཐོ་སྒང་གི་ཕྱུགས་རའི་ནང་དུ། ཉིང་པོ་ནས་ཡོང་བའི་བྱིས་པ་ཚོས་ཡུལ་སྐོར་སློབ་སྦྱོང་བྱས་ཏེ། འབྲོག་པའི་འཚོ་བར་རོལ་མྱོང་བྱས། ཀྲེ་ཅང་གི་མཚོ་སྐྱོར་ལས་སྒྲུབ་ཚན་ཆུང་གིས་སྤེལ་བའི་ལས་གཞི་འདིས། གྲོང་ཁྱེར་གྱི་བྱིས་པར་རྩྭ་ཐང་གི་རིག་གནས་ལ་མྱོང་བའི་གོ་སྐབས་སྤྲད་དེ། དགའ་སྤྲོའི་དགོད་སྒྲའི་ཁྲོད་མི་རིགས་མཐུན་སྒྲིལ་གྱི་ས་བོན་གཏོར།

“སྔོན་ཆད་སྡེ་བར་ཐུན་མོང་དཔལ་འབྱོར་མེད་པར་སེམས་ཁྲལ་བྱེད་ཀྱིན་ཡོད། ད་ལྟ་ཐོན་ལས་དང་པོ་དང་གཉིས་པ་དང་གསུམ་པ་བཅས་ཀྱི་མཉམ་འདྲེས་འཕེལ་རྒྱས་ལ་བརྟེན་ནས། ཡུལ་མི་ཚོས་སྒོ་ཁ་ནས་ལས་ཞུགས་བྱས་ཏེ་ཡོང་སྒོ་སྤར། གཏེར་ལེན་ཁ་གྲོང་ཁྱེར་ཧུང་ཀོན་སྡེ་བ་རུ། ཀྲེ་ཅང་གི་མཚོ་སྐྱོར་མ་དངུལ་སྒོར་ཁྲི་235བཏང་ནས་བསྐྲུན་པའི་ཕྱོགས་བསྡུས་སིལ་ཏོག་ར་བ་དང“བཟོ་འགོད་ཁྲི་སྟོང”འགྲེམ་སྟོན་ཁང་གིས། སྔོན་ཆད་ཀྱི་སྡེ་བ་དེར་ད་ལྟ་སྐྱེ་སྟོབས་ཀྱི་གསོན་ཤུགས་རྒྱས་སུ་བཅུག་ཡོད།

“2022ལོར་ཆུ་ལོག་བྱུང་སྐབས། མཚོ་སྐྱོར་ལས་བྱེད་པས་སྒོར་ཁྲི་12བསྐྱལ་ཡོང་བ་དེས་དུས་ཐོག་གི་དཀའ་ངལ་ཡོངས་སུ་བསལ།”ཀྲེ་ཅང་གི་མཚོ་སྐྱོར་ལས་བྱེད་པ་དང་ས་གནས་ཀྱི་རོགས་སྐྱོར་འོག མང་འེ་གྲོང་ཁྱེར་མོ་ཧར་པུའུ་ལུའུ་ཁེ་འབྲོག་སྡེ་གསར་པའི་འབྲོག་པ་མང་ཚོགས་སོག་ལུགས་ཀྱི་སྡོད་ཁང་དུ་གནས་སྤར།

“མཚོ་སྐྱོར་ནགས་ར་ནི་གྲོང་ཁྱེར་ལ་བཏགས་པའི་ལྗང་མདོག་གི་མགུལ་རྒྱན་ཞིག་དང་མཚུངས་ལ། དེས་བྱེ་རླུང་འགོག་ཐུབ་པར་མ་ཟད། གཞིས་དམངས་ཀྱི་ཐོན་སྐྱེད་འཚོ་བའི་བདེ་འཇགས་ཀྱང་འགན་སྲུང་བྱེད་ཐུབ།”ཨོ་ལན་དང་ཐེམ་ཆེན། ཏུའུ་ལན། མང་འེ། ན་གོར་མོ། ཚྭ་འདམ་ཆེ་བ་སོགས་སུ། རིམ་བསགས་ཀྱིས་མ་དངུལ་སྒོར་དུང་ཕྱུར་1.6བཏང་ནས་བསྐྲུན་པའི་མཚོ་སྐྱོར་ནགས་ར་ཡིས། ས་གནས་གཉིས་ཀྱི་མང་ཚོགས་བར་གྱི་བརྩེ་བ་ཇེ་ཟབ་ཏུ་བཏང་།

ཐོན་ལས་འཕེལ་རྒྱས་ནས་དམངས་འཚོ་ལེགས་བཅོས་དང་། སྨན་བཅོས་ལེགས་བཅོས་ནས་སློབ་གསོ་སྤུས་འདེགས་ནུས་འཕར་བར་དུ། མཚོ་ནུབ་གྱི་མི་རེ་རེའི་ངག་ལ་གྲགས་པའི་ཀྲེ་ཅང་གི་མཚོ་སྐྱོར་གཏམ་རྒྱུད་ཁྲོད། མི་རིགས་མཐུན་སྒྲིལ་དང་དམངས་འཚོ་ལེགས་བཅོས་གཉིས་མཉམ་དུ་འདྲེས་པའི་ཡིད་འགུལ་ཐེབས་པའི་ལེའུ་དེ་ཡོད།

“ང་ཚོས་ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་ཆགས་པ་གཙོ་ཐིག་ཏུ་བྱས་ཡོད།”མཚོ་ནུབ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ། ཀྲེ་ཅང་ཞིང་ཆེན་གྱི་མཚོ་སྐྱོར་སྐོར་ལྔ་པའི་བཀོད་འདོམས་པུའུ་ཡི་ཏང་ཨུའི་ཧྲུའུ་ཅིའམ་བཀོད་འདོམས་པ་ཀྲན་མའོ་ཝེ་ཡིས་མཚམས་སྦྱོར་བྱེད་རྒྱུར། ཉེ་བའི་ལོ་ངོ་གསུམ་གྱི་རིང་ལ། མཚོ་སྐྱོར་མ་དངུལ་སྒོར་དུང་ཕྱུར་3.8བཀོད་སྒྲིག་བྱས་པ་དང་། “མཉམ་འདྲེས་གསུམ”གྱི་ལས་གཞི་180འཛུགས་སྐྲུན་བྱས་ཏེ། “ཀྲེ་ཅང་གི་སེ་འབྲུ་དམར་པོའི”ཆས་རྟགས་ལ་སྙན་གྲགས་རྒྱས་སུ་བཅུག  ཧང་ཀྲོའུ་ནས་གཏེར་ལེན་ཁ་དང་ཝུན་ཀྲོའུ་ནས་ན་གོར་མོའི་བར་གྱི་མཁའ་ལམ་ཤར་གཏོང་བྱས་པ་དང་། ཏུའུ་ལན་རྫོང་གི་ཐུན་མོང་ཚོགས་པའི་སློབ་གསོ་རྟེན་གཞི་དང་ན་གོར་མོའི“ལམ་གཉིས”སྙིང་སྟོབས་ཉམས་ལེན་ཁང་སོགས་གསར་སྐྲུན་བྱས་ཏེ། གཟུགས་ལྡན་ཟམ་པ་དང་བསམ་པའི་སྒྲོག་ཐག་བསྐྲུན། དུས་མཚུངས་སུ། “ཀྲེ་ཅང-མཚོ་ནུབ་ཡ་གླིང་ལུས་རྩལ་འགྲན་ཚོགས་ཀྱི་བརྗེ་རེས་ལོ”དང“ཀྲེ་ཅང-མཚོ་ནུབ་རིག་གནས་ལུས་རྩལ་ཡུལ་སྐོར་བརྗེ་རེས་ལོའི”བརྗོད་དོན་ལོའི་བྱ་འགུལ་གསར་སྐྲུན་བྱས་ཏེ། ས་གནས་གཉིས་ཀྱི་བློ་སེམས་མཐུན་པའི་གཏམ་རྒྱུད་མ་ལག་ལྡན་པའི་སྒོ་ནས་བརྗོད། རིག་གནས་ཀྱི་ཉེ་བཅར་དང་རིག་གནས་དྲིལ་སྒྲོག་མཚོ་ནུབ་ཏུ་སྐྱོད་པ། རྩོམ་རིག་གི་འགྲུལ་བཞུད། ཡིག་རིས་དང་འདྲ་པར་འགྲེམ་སྟོན། རིག་རྩལ་འབྲོག་ཁུལ་དུ་སྐྱོད་པ་སོགས་ཕུན་སུམ་ཚོགས་པའི་བྱ་འགུལ་སྤེལ་ཏེ། ས་གནས་གཉིས་ཀྱི་མང་ཚོགས་ཀྱི་སེམས་པ་དམ་པོར་སྦྲེལ།

2024ལོའི་ཟླ་10པའི་ཚེས་20ནས་23ཉིན་བར། “ཀྲེ་ཅང་དང་མཚོ་སྔོན་གཉིས་ཀྱིས་བློ་སེམས་མཐུན་པའི་སྒོ་ནས་ཨོ་རྩལ་འགྲན་ཚོགས་མཉམ་རོལ་བྱེད་པ་སྟེ་ཀྲེ་ཅང་ཨོ་རྩལ་འགྲན་ཚོགས་ཀྱི་ལུས་རྩལ་པའི་འཐུས་མི་མཚོ་ནུབ་ཏུ་སྐྱོད་པ”ཞེས་པའི་བྱ་འགུལ་སྤེལ་ཞིང་། ཅི་པོ་ཝུན་དང་ཧོང་ཡ་ཆུང་། ཀོན་ཁྲེང་ཁྲེན་སོགས་ཨོ་རྩལ་འགྲན་ཚོགས་སུ་ཞུགས་མྱོང་བའི་ཀྲེ་ཅང་གི་ལུས་རྩལ་པ་8མཚོ་ནུབ་ཏུ་ཡོང་ནས། སློབ་གྲྭ་དང་སྤྱི་པའི་རིག་གནས་ཁང་། སྡེ་ཁུལ། རྟེན་མཛོད་ཁང་། མཚོ་སྐྱོར་ལས་གཞི་བཅས་ཀྱི་ཡུལ་དངོས་སུ་སོང་བ་དང་། ཉིན་བཞི་ཡི་དུས་ཡུན་ཐུང་ངུའི་ནང་། ཨོ་རྩལ་འགྲན་ཚོགས་སུ་ཞུགས་པའི་ཀྲེ་ཅང་གི་ལུས་རྩལ་པའི་རྐང་རྗེས་མཚོ་ནུབ་ཀྱི་ཕྱོགས་སོ་སོར་བཀོད།

ཨོ་རྩལ་འགྲན་ཚོགས་ཀྱི་ལུས་རྩལ་པ་མཚོ་ནུབ་ཀྱི་རིགས་སོ་སོའི་མི་དམངས་དང་མཉམ་དུ་སྐར་ལྔའི་དར་དམར་གཅིག་ཡར་བསྒྲེངས་པ་དང་། ཨོ་རྩལ་གཏམ་རྒྱུད་གཅིག་རོལ་མྱོང་བྱེད་པ། མི་རིགས་ཀྱི་ཞབས་བྲོ་གཅིག་མཉམ་དུ་འཁྲབ་པ་སོགས་ཀྱི་བྱ་འགུལ་ཁྲོད་ཞུགས་པ་བརྒྱུད། ཕན་ཚུན་གྱི་ལག་རྡང་དམ་པོར་སྦྲེལ་བ་དང་བློ་སེམས་ཇེ་ཉེར་གྱུར་པ་དང་། ཀྲེ་ཅང་དང་མཚོ་སྔོན་ས་གནས་གཉིས་ཀྱི་བརྗེ་རེས་ལ་སྔར་བས་སྐུལ་འདེད་བཏང་སྟེ། དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་གྱི་ལྟེ་མཐུན་སྒོར་མོ་བྲིས་པ་དང་། “ཀྲེ་ཅང་དང་མཚོ་སྔོན་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”མི་རིགས་མཐུན་སྒྲིལ་གྱི་བསྟོད་གླུ་བླངས།

འབད་བརྩོན་ལྷོད་མེད་དང་དཀའ་སྤྱད་ཧུར་བརྩོན། སྒེར་མེད་གསོལ་འབུལ་བཅས་ཀྱི་བླ་མེད་གཤིས་ཀ་འདི་དག་ནི་ཨོ་རྩལ་འགྲན་ཚོགས་ཀྱི་ལུས་རྩལ་པའི་གཟི་འོད་ཡིན་ལ། མཚོ་སྐྱོར་ལས་བྱེད་འཇོན་མིའི་ལུས་སྟེང་ན་འཚེར་བའི“གཟི་བརྗིད་དཔང་རྟགས”ཀྱང་རེད། མཚོ་སྐྱོར་ལས་བྱེད་འཇོན་མིས་རི་ཆུ་ཁྲི་སྟོང་བརྒལ་ནས་མཚོ་སྐྱོར་གྱི“འགྲན་རའི”སྟེང་དུ། ཞུམ་མེད་ཀྱི་སྤོབས་པ་དང་སྒེར་མེད་གསོལ་འབུལ་གྱི་སྙིང་སྟོབས་ལ་བརྟེན་ནས་མཚོ་སྐྱོར་གྱི་གཏམ་རྒྱུད་མང་པོ་བྲིས། །