མཛོད་དགེ་རྫོང་གི་རིན་མི་དགོས་པའི་སྒྱུ་རྩལ་སྤྲོ་སྣང་འཛིན་གྲྭ་གཉེར་འགོ་ཚུགས།

"ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་བཞིན་ཀྲུང་གོའི་ཕུགས་འདུན་མཉམ་དུ་སྙེག་པའི”སྙིང་དོན་ལག་ལེན་དུ་བཏབ་ནས། མི་རིགས་ཁག་སྒྱུ་རྩལ་གྱི་འབྲེལ་ཟམ་བརྒྱུད་འབྲེལ་འདྲིས་ལ་སྐུལ་འདེད་གཏོང་ཆེད། སྤྱི་ཟླ་8པའི་ཚེས་11ཉིན། མཛོད་དགེ་རྫོང་རིག་གནས་ཁང་དང་དཔེ་མཛོད་ཁང་མཉམ་འབྲེལ་སྒོས་གཉེར་བའི“སེ་འབྲུའི་སྟོབས་ཀྱིས་སྒྱུ་རྩལ་ལམ་བུ་སྙེགས”ཞེས་རིན་མི་དགོས་པའི་སྒྱུ་རྩལ་འཛིན་གྲྭ་དངོས་སུ་གཉེར་འགོ་བརྩམས།

སྤྲོ་སྣང་འཛིན་གྲྭ་དེར་རྫོང་ཡོངས་ཀྱི་ལོ་ན་6ནས་12བར་གྱི་ན་ཆུང་བྱིས་པར་ཁ་ཕྱོགས་ནས་རི་མོ་འབྲི་རྩལ་དང་ཞབས་བྲོ་འཛིན་གྲྭ་བཀོད་སྒྲིག་བྱས་ཡོད། རི་མོ་དང་ལག་ཤེས་བཟོ་རྩལ། མི་རིགས་ཞབས་བྲོ་སོགས་ཀྱི་སློབ་ཚན་བརྒྱུད་བྱིས་པ་རྣམས་ཀྱི་སྒྱུ་རྩལ་གྱི་མི་མངོན་པའི་ནུས་པ་སྐུལ་སློང་དང་མཛེས་དཔྱོད་ཀྱི་སྤྲོ་སྣང་གསོ་སྐྱོང་བྱེད་པ་དང་ཆབས་ཅིག མི་དར་མར་དམིགས་ནས་ཁ་པར་གྱི་པར་དང་བརྙན་ལེན་རྩལ། བརྙན་སྒྲིག་སྦྱོར་སོགས་ཀྱི་སློབ་ཁྲིད་བཀོད་སྒྲིག་བྱས་ཏེ། སློབ་བུ་རྣམས་ལ་བརྙན་མིག་བརྒྱུད་བདེ་སྐྱིད་འཚོ་བ་བརྙན་རིས་སུ་བཏབ་ཏེ་ཕ་ཡུལ་གྱི་མཛེས་ཉམས་མངོན་རོགས་བྱས།

སློབ་མ་པདྨ་དབྱངས་ཅན་གྱིས་དེ་རིང་ངས་རི་མོ་དང་ཞབས་བྲོ་འཛིན་གྲྭ་གཉིས་ལ་མིང་ཐོ་བཀོད་ཡོད། དགེ་རྒན་རྣམས་ཀྱི་སློབ་ཁྲིད་བྱེད་སྟངས་སྤྲོ་སྣང་ལྡན། རང་ཉིད་ཀྱིས་ཤེས་འདོད་པ་སྦྱོང་ཐུབ་པའི་སྨོན་འདུན་ཞུ་ཞེས་བཤད།

རི་མོ་དགེ་རྒན་བསམ་འགྲུབ་སྒྲོལ་མས་ད་ཐེངས་རྫོང་རིག་གནས་ཁང་གིས་གདན་འདྲེན་ཞུས་པ་ལྟར“སེ་འབྲུའི་སྟོབས་ཀྱིས་སྒྱུ་རྩལ་ལམ་བུ་སྙེག”ཅེས་རིན་མི་དགོས་པའི་སྒྱུ་རྩལ་སྤྲོ་སྣང་འཛིན་གྲྭའི་དགེ་རྒན་གྱི་འགན་འཁུར་བ་ཡིན་པ། དེ་ལ་དོན་སྙིང་ཧ་ཅང་ཆེན་པོ་ལྡན། བྱིས་པ་རྣམས་ལ་སྤྲོ་སེམས་ཆེ་བས་སློབ་ཁྲིད་ལ་བློ་རྩེ་གཅིག་ཏུ་སྒྲིམ་ནས་ཉན་བཞིན་འདུག ཁོ་ཚོས་སྤྲོ་སྣང་དེའི་མཐའ་སྐྱོང་ནས་ཉིན་བཅུ་ལ་འབྲས་བུ་ལེགས་པོ་སྨིན་པའི་སྨོན་འདུན་ཞུ།
རྒྱུས་ལོན་པ་ལྟར་ན། སྒྱུ་རྩལ་འཛིན་གྲྭ་དེ་ཉིན་བཅུ་ལ་སྤེལ་བ་དང་། དུས་ཡུན་དེར་སྒྱུ་རྩལ་སློབ་ཚན་སྣ་མང་བཀོད་སྒྲིག་བྱས་ཏེ། ས་གནས་ཀྱི་མང་ཚོགས་དང་ལོ་ཆུང་བྱིས་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བཞིན། ཚང་མར་འབྲེལ་འདྲིས་ཁྲོད་རྒྱུས་ལོན་གསལ་པོ་ཡོད་པར་བྱས་ཏེ་འཆམ་མཐུན་གྱི་སྤྱི་ཚོགས་ཁོར་ཡུག་གཏོད་རྒྱུ་རེད།