ཕོ་བྲང་པོ་ཏ་ལའི་མདུན་དུ་འཕྲུལ་ཆས་གསར་པ་འདི་འདྲ་ཞིག་འབྱོར་འདུག

ཡོང་ཁུངས། སེམས་ཀྱི་ཞིང་ཁམས།
སྤེལ་དུས།: ༢༠༢༥ ལོའི་ཟླ་ ༨ ཚེས་ ༡༣

༢༠༢༥ལོའི་སྤྱི་ཟླ་༧ཚེས་༣༡ཉིན། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་༼ ཀྲུང་གོའི་དམར་པོ ༽K༨ཚད་བརྒལ་དྭངས་གསལ་བརྒྱུད་གཏོང་རླངས་འཁོར་རུ་ཁག་པེ་ཅིང་ནས་ཐོན་ཏེ། པེ་ཅིང་བོད་ལྗོངས་མྱུར་བགྲོད་གཞུང་ལམ་བརྒྱུད་ནང་སོག  ཉིང་ཞ། ཀན་སུའུ། མཚོ་སྔོན་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་བརྒྱུད་དེ་སྤྱི་ཟླ་༨ཚེས་༦ཉིན་གྱི་ཐོ་རེངས་བོད་ལྗོངས་ལྷ་སར་བདེ་བླག་ངང་འབྱོར་བ་དང་། ལམ་ཐག་སྤྱི་ལེ་༣༨༣༧ཟིན་ཡོད་པ་རེད། དེ་ནི་སྤྱི་ཁྱབ་བརྙན་འཕྲིན་ལས་ཁུངས་ཀྱི་K༨ཚད་བརྒལ་དྭངས་གསལ་བརྒྱུད་གཏོང་རླངས་འཁོར་གྱིས་ཐོ་ཁེ་ཡོ་ཨོ་རྩལ་འགྲན་ཚོགས་དང་། པཱ་ལིའི་ཨོ་རྩལ་འགྲན་ཚོགས། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས། ཧྲང་ཧའེ་ནང་འདྲེན་དངོས་མང་སྟོན་ཚོགས་སོགས་ཀྱི་ལས་འགན་ལེགས་འགྲུབ་བྱུང་རྗེས། བོད་ལྗོངས་སུ་བསྐྱོད་ཐེངས་དང་པོ་ཡིན་པར་མ་ཟད། གངས་ལྗོངས་ས་མཐོའི་ཐོག་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་༦༠འཁོར་བའི་གནས་ཚུལ་སྤེལ་བའི་ལས་འགན་གལ་ཆེན་དང་ལེན་བྱ་རྒྱུ་རེད། 

སྤྱི་ཟླ་༧ཚེས་༣༡ཉིན་པེ་ཅིང་ནས་ཐོན་ཏེ་ནང་སོག་པའོ་ཐུའུ་དང་། སྤྱི་ཟླ་༨ཚེས་༡ཉིན་ཉིང་ཞ་ཀྲུང་ཉིང་རྫོང་། སྤྱི་ཟླ་༨ཚེས་༢ཉིན་མཚོ་སྔོན་གསེར་ཆེན་རྫོང་། སྤྱི་ཟླ་༨ཚེས་༣ཉིན་མཚོ་སྔོན་ཡུལ་ཤུལ། སྤྱི་ཟླ་༨ཚེས་༤ཉིན་བོད་ལྗོངས་ནག་ཆུ་གྲོང་ཁྱེར་སོག་རྫོང་། སྤྱི་ཟླ་༨ཚེས་༥ཉིན་བོད་ལྗོངས་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུད། སྤྱི་ཟླ་༨ཚེས་༦ཉིན་ཆུ་ཚོད་༡:༣༠ཐོག་བོད་ལྗོངས་ལྷ་སར་འབྱོར་བ་དང་། སྤྱི་ཟླ་༨ཚེས་༧ཉིན་བོད་ལྗོངས་ལྷ་སར་ཚོད་ལྟ་བྱས་ཤིང་། སྤྱི་ཟླ་༨ཚེས་༩ཉིན་ཆུ་ཚོད་༡༩:༠༠ཐོག་པོ་ཏ་ལའི་ཐང་ཆེན་དུ་བཅའ་སྡོད་བྱས་ནས་འཁོར་སྐྱོད་བྱེད་པའི་ལམ་ཚད་བསྡོམས་འབོར་སྤྱི་ལེ་༣༨༢༧ཟིན་ཡོད།

༼ ཀྲུང་གོའི་དམར་པོ ༽བཀྲ་ཤིས་བདེ་ལེགས།     མཚོ་བོད་ས་མཐོ་ནི་འཛམ་གླིང་གི་ཡང་རྩེ་དང་། སའི་གོ་ལའི་སྣེ་གསུམ་པ་ཡིན། མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་དང་བབ་ཆགས་པའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱིས་ཀྲུང་གོ་དང་ཕྱི་རྒྱལ་གྱི་ཡུལ་སྐོར་བ་མང་པོ་ཞིག་གི་ཡིད་དབང་འཕྲོག་བཞིན་ཡོད། ད་ལྟ་ནི་ཏག་ཏག་བོད་ལྗོངས་ཡུལ་སྐོར་གྱི་དུས་ཚིགས་ཡིན་པས། སྤྱི་ཁྱབ་བརྙན་འཕྲིན་ལས་ཁུངས་ཀྱི་༼ ཀྲུང་གོའི་དམར་པོ ༽K༨ཚད་བརྒལ་དྭངས་གསལ་བརྒྱུད་གཏོང་རླངས་འཁོར་ལྷ་སའི་ཁྲོམ་གཞུང་དུ་ཐོག་མར་འགྲེམས་སྟོན་བྱས་པར། དེ་གའི་མང་ཚོགས་དང་། ཀྲུང་གོ་དང་ཕྱི་རྒྱལ་གྱི་ཡུལ་སྐོར་བས་དགའ་འབོད་དང་བསྔགས་བརྗོད་བྱས་པར་མ་ཟད། བོད་ཀྱི་སྤྱི་ཚོགས་ལས་རིགས་ཁག་གིས་ཀྱང་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་པ་རེད། 

དེ་ནི་སྤྱི་ཁྱབ་ལས་ཁུངས་ཀྱིས་རང་བདག་ཞིབ་སྤེལ་བྱས་པ་དང་། བོད་ལྗོངས་ཀྱི་བྱེད་སྒོ་གལ་ཆེན་ལ་ཆེས་དྭངས་གསལ་གྱི་སྤྱི་སྤྱོད་བརྡ་རྟགས་འདོན་སྤྲོད་ཐེངས་དང་པོར་བྱས་པ་ཞིག་ཡིན།   ༼ ཀྲུང་གོའི་དམར་པོ ༽K༨ཆེས་དྭངས་གསལ་བརྒྱུད་གཏོང་རླངས་འཁོར་ནི་སྤྱི་ཁྱབ་ལས་ཁུངས་ཀྱི་ཆེས་དྭངས་གསལ་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་གིས་རང་བདག་ཞིབ་འཇུག་གསར་སྤེལ་དང་ཇུས་འགོད་བྱས་པ་དེ་ནི། ད་ལྟའི་ཆར་འཛམ་གླིང་ཐོག་ནུས་པ་ཆེ་ཤོས་དང་མ་ལག་སྟབས་བསྟུན་ཆེ་ཤོས་ཀྱི་ཕྱི་རོལ་གྱི་བརྒྱུད་གཏོང་རླངས་འཁོར་མ་ལག་ཅིག་ཡིན། ད་ཐེངས་བརྒྱུད་གཏོང་རླངས་འཁོར་རུ་ཁག་ནི་སྤྱི་ཁྱབ་བརྙན་འཕྲིན་ལས་ཁུངས་ཀྱི་ལག་རྩལ་ཅུད་ཀྱིས་བརྒྱུད་གཏོང་བྱས་པའི་K༨ཚད་བརྒལ་དྭངས་གསལ་བརྒྱུད་གཏོང་རླངས་འཁོར༼ B༦ ༽གཅིག་དང་། བརྒྱུད་གཏོང་སྲུང་སྐར་རླངས་འཁོར་གཉིས། སྲིད་འཛིན་འགན་ལེན་ལྟེ་གནས་འགྲིམ་འགྲུལ་འགན་ལེན་ཁྲུའུ་ཡི་འགན་སྲུང་རླངས་འཁོར། དེ་བཞིན་ཟོག་འདྲེན་རླངས་འཁོར་༤བཅས་ལས་གྲུབ་པ་ཞིག་ཡིན་པ་རེད།

བརྒྱུད་གཏོང་རླངས་འཁོར་གྱི་འཁོར་གཟུགས་༼ རླངས་འཁོར་གྱི་མདུན་ཕྱོགས་ཚུད་ཡོད ༽ཀྱི་སྤྱིའི་རིང་ཚད་ལ་སྨིད་༡༨ཡོད་པ་དང་། ཟུར་དུ་འཐེན་རྗེས་ཞེང་ཚད་ལ་སྨིད་༥ ། མཐོ་ཚད་ལ་སྨིད་༤ ། ལྗིད་ཚད་ཀྲོན་༣༦ཡས་མས་ཡོད་པ་རེད། དེའི་ནང་བརྙན་ལམ་ལག་རྩལ་ཁུལ་དང་། སྒྲ་ཟློས་བཟོ་སྐྲུན་ཁུལ། འཁྲབ་ཁྲིད་ཁུལ། སྒྲིག་ཆས་འཕྲུལ་ཁང་བཅས་བཙུགས་ནས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་། ཧྲང་ཧའེ་ནང་འདྲེན་དངོས་མང་སྟོན་ཚོགས། ཝུན་ཁྲང་མེ་ཤུགས་འཕུར་མདའ་འཕེན་གཏོང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་སོགས་བྱེད་སྒོ་གལ་ཆེན་མང་པོ་བཟོ་བའི་ནང་ཞུགས་པ་རེད།    སྤྱི་ཟླ་༨ཚེས་༩ཉིན་གྱི་དགོང་མོ། སྤྱི་ཁྱབ་བརྙན་འཕྲིན་ལས་ཁུངས་ཀྱི་༼ ཀྲུང་གོའི་དམར་པོ ༽K༨ཚད་བརྒལ་དྭངས་གསལ་བརྒྱུད་གཏོང་རླངས་འཁོར་ཕོ་བྲང་པོ་ཏཱ་ལའི་ཐང་ཆེན་དུ་འབྱོར་ནས་ལག་རྩལ་གྲ་སྒྲིག་ལས་དོན་སྤེལ་འགོ་ཚུགས་པ་རེད། མིག་སྔར་སྤྱི་ཁྱབ་ལས་ཁུངས་ཀྱིས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་༦༠འཁོར་བའི་རྟེན་འབྲེལ་ཆེན་མོའི་གནས་ཚུལ་སྤེལ་བར་དམིགས་ནས་གྲ་སྒྲིག་ཨང་གསར་བྱེད་བཞིན་ཡོད་པས། གོ་ལ་ཧྲིལ་པོའི་ལྟད་མོ་བ་ཚོར་ངོ་མཚར་ཆེ་བའི་མཐོང་ཚོར་གྱི་གསོལ་སྟོན་གཟབ་རྒྱས་ཤིག་འབུལ་རྒྱུར་རེ་སྒུག་བྱེད་བཞིན་ཡོད།