གཙང་མདོ་ཡུལ་ཤོག་ཡུལ་གསུམ་གྲོང་སྡེས་བྱེད་སྒོ་འདི་འདྲ་སྤེལ།
ཉེ་ཆར། གྲངས་ཉུང་མི་རིགས་ཀྱི་དམངས་སྲོལ་རིག་གནས་དར་སྤེལ་དང་སྡེ་མིའི་བསམ་པའི་དཔལ་ཡོན་ཕུན་སུམ་ཚོགས་སུ་གཏོང་བ། ཡུལ་སྡེའི་གོང་བུ་འགྲིལ་ཤུགས་ཆེ་རུ་གཏོང་བ། མཐོ་སྒང་ལུག་མིག་མེ་ཏོག་གི་ཐོན་ལས་དང་ཡུལ་སྡེ་དར་རྒྱས་ལ་སྔར་ལས་སྐུལ་འདེད་གཏོང་ཆེད། དཔལ་ཡུལ་རྫོང་གཙང་མདོ་ཡུལ་ཤོག་ཡུལ་གསུམ་གྲོང་སྡེའི་སྡེ་མི་ཨུ་ལྷན་གྱིས་གྲོང་སྡེ་བཅའ་སྡོད་ལས་དོན་རུ་ཁག་དང་མཉམ་འབྲེལ་ཐོག་མཐོ་སྒང་ལུག་མིག་མེ་ཏོག་ལྗོངས་གཟིགས་དང་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་དང་པོ་འཚོགས།
“ལུག་མིག་མེ་ཏོག་ལྗོངས་གཟིགས་དང་ལུས་རྩལ་བྱ་འགུལ་མཉམ་རོལ། མི་རིགས་མཐུན་སྒྲིལ་སྐུལ་འདེད”བཅས་བྱེད་སྒོའི་གཙོ་དོན་དུ་བྱས་ཤིང་རྫོང་གི་འབྲེལ་ཡོད་སྡེ་ཚན་གྱི་མགོ་ཁྲིད་དང་ཡུལ་ཤོག་གི་ལས་བྱེད་པ། སྡེ་མི་སོགས་ཁྱོན་མི་གྲངས་220ཙམ་བྱེད་སྒོར་ཞུགས། བྱེད་སྒོར་སྲོལ་རྒྱུན་ལུས་རྩལ་རྣམ་གྲངས་ཀྱི་གླང་ཆེན་ས་བཤགས་དང་ཐག་འཐེན། ལྗིད་འགྱོག་བཅས་ཡོད་པ་དང་། སྤྲོ་སྣང་ཅན་གྱི་གསར་དར་ལུས་རྩལ་གྱི་རྣམ་གྲངས་ལ་སྐར་མ་གསུམ་གྱི་ཐག་རྩེད། སྐེད་འཁོར་སྐོར་བ། ཤོག་ཕོར་ཆུ་སྐྱེལ་སོགས་རྣམ་གྲངས་སྣ་མང་འཛོམས་པའི་ལུས་རྩལ་འགྲན་ཚོགས་སྤེལ་བ་རེད།
གཞན་ཡང་རིག་རྩལ་འཁྲབ་སྟོན་གྱི་སྐོར་ལ། ས་ཁུལ་རང་བཞིན་གྱི་ཐུན་མིན་ཁྱད་ཆོས་ལྡན་པའི་གླུ་དབྱངས་དང་ཞབས་བྲོ། ཡུལ་སྡེ་དར་རྒྱས་ཀྱི་གཏམ་རྒྱུད་མཚོན་པའི་གར་ཆུང་། སྲོལ་རྒྱུན་གྱི་མི་རིགས་རྒྱན་གོས་ཤོམ་འགྲོ་སོགས་ལྟ་བས་མི་ངོམ་པའི་སྒྱུ་རྩལ་གྱི་ལེགས་སྐྱེས་གྱ་ནོམ་པ་ཞིག་དེར་ཚོགས་ཁྲོམ་ལ་ཕུལ་བ་རེད། ཐེངས་འདིའི་རིག་གནས་ལུས་རྩལ་གྱི་དགྱེས་འཛོམས་འདིའི་ཕྱི་ནང་གསང་གསུམ་ཀུན་ཏུ། ཡུལ་གསུམ་གྲོང་ཚོའི་རོང་འབྲོག་མང་ཚོགས་རྣམས་སྤྲོ་བས་བརྟས་ཤིང་། ཐལ་མོའི་རྡེབ་སྒྲ་དང་མི་ཚོགས་ཀྱི་དགོད་སྒྲ་གཅིག་ཏུ་འདྲེས་བཞིན། ཡུལ་གྲུ་ཆུང་ངུ་འདིའི་དུས་རབས་གསར་པའི་འཚོ་བར་སྤྲོ་སྣང་མང་བོ་ལྷན་ཅིག་ཏུ་བསྩལ་བ་དང་། ཡུལ་གསུམ་གྲོང་སྡེའི་རྒྱ་ཆེའི་ཡུལ་མི་རྣམས་ཀྱི་བསམ་པའི་དཔལ་ཡོན་ཕུན་ཚོགས་ཇེ་ཚོགས་སུ་བཏང་བར་མ་ཟད། མི་རིགས་མཐུན་སྒྲིལ་དང་ཁྱིམ་མཚེས་འཆམ་མཐུན་གྱི་མཛའ་བརྩེ་ཟབ་མོ་ས་གཞིའི་ཕང་བར་བཏབ་ཅིང་མང་ཚོགས་ཀྱི་སྐྱིད་སྣང་ཆེས་ཆེར་འཕར་བར་བྱས།
བྱེད་སྒོ་འདི་ནི་ཡུལ་གསུམ་གྲོང་སྡེས་ལུག་མིག་མེ་ཏོག་གི་ཐོན་ལས་དང་རིག་གནས་ལུས་རྩལ་བྱ་འགུལ་མཉམ་འདྲིས་ཀྱི་ཚོད་ལྟ་ཐེངས་དང་པོ་ཡིན་ལ། དེས་གྲོང་སྡེ་ཨུ་ལྷན་དང་གྲོང་སྡེ་བཅའ་སྡོད་ལས་དོན་རུ་ཁག་གི་ལས་ཀའི་མཉམ་འབྲེལ་ནུས་པ་གསལ་བར་བཏོན་ཅིང་། སྒོས་སུ་ཡུལ་གསུམ་གྲོང་ཚོའི་མཐུན་སྒྲིལ་འབད་འཐབ་དང་ཧུར་ཐག་བརྩོན་ལེན་གྱི་བསམ་པའི་རྣམ་པ་བཟང་པོ་མངོན་པ་རེད། སླད་ཕྱིན། ཡུལ་གསུམ་གྲོང་སྡེས་ཐེངས་འདིའི་བྱེད་སྒོ་གོ་སྐབས་སུ་བྱས་ནས། ས་གནས་ཀྱི་ཐོན་ཁུངས་རྒྱུན་མཐུད་སྔོག་འདོན་དང་བྱེད་སྒོའི་རྣམ་པ་ཕུན་སུམ་ཚོགས་སུ་བཏང་སྟེ། མཐུན་མཛེས་གྲོང་སྡེ་འཛུགས་སྐྲུན་གྱི་གྲུབ་འབྲས་ལེགས་པོས་རྒྱ་ཆེའི་མང་ཚོགས་ལ་སྔར་ལས་ཕན་ཐོགས་པ་བྱ་རྒྱུ་ཡིན་ནོ། །