ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས《ཕྱི་ཚུལ་རིང་ལུགས་བཅོས་སྐྱོང་བྱས་ནས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བའི་གཏན་འབེབས་འགའ》དཔར་འགྲེམ་བྱས་པ།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས《ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བའི་གཏན་འབེབས་འགའ》(གཤམ་དུ《གཏན་འབེབས་འགའ》ཞེས་བསྡུ་རྒྱུ)དཔར་འགྲེམ་བྱས་པ་མ་ཟད། བརྡ་ཐོ་བཏང་ནས་ས་ཁུལ་སོ་སོ་དང་སྡེ་ཚན་སོ་སོས་ནན་ཏན་གྱིས་བརྩི་སྲུང་ལག་བསྟར་བྱེད་དགོས་པའི་བླང་བྱ་བཏོན།
བརྡ་ཐོའི་ནང་བསྟན་དོན། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ནི་བྱ་ངན་སྤྱོད་ངན་གྱི་ནད་དུག་ཡིན་པས། ངེས་པར་དུ་ནུས་ཤུགས་ཆེན་པོ་བཏོན་ནས་བཅོས་སྒྲིག་མཐའ་གཅིག་ཏུ་བྱ་དགོས། གཞི་རིམ་ནི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི“མཇུག་མཐའི་ལེ་དབར་གཅིག”ཡིན་པས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱིས་རྐང་ལག་འཆིང་སྡོམ་བྱེད་མི་རུང་། 《གཏན་འབེབས་འགའ》གཏན་འབེབས་བྱས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བའི་ཡུན་རིང་ནུས་ལྡན་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུ་དེ་རྒྱུན་མཐུད་ངང་ཕྱི་ཚུལ་རིང་ལུགས་རྒྱ་བསྐྱེད་བཅོས་སྒྲིག་གཏིང་ཟབ་ཏུ་བཏང་ནས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བར་དོན་སྙིང་གལ་ཆེན་ལྡན།
བརྡ་ཐོའི་ནང་། ས་ཁུལ་སོ་སོ་དང་སྡེ་ཚན་སོ་སོས《གཏན་འབེབས་འགའ》ལག་བསྟར་ནན་མོ་བྱས་ཏེ། གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བ་དང་ནུས་པ་འདོན་སྤྲོད་བྱེད་པར་གཅིག་གྱུར་འཆར་འགོད་བྱས་ཏེ། གཞི་རིམ་གྱི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་འཆིང་སྡོམ་ཁྲོད་ནས་དངོས་གནས་ཐར་ཐབས་བྱས་ཏེ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་འགན་འཁུར་ཧུར་ཐག་བྱེད་པར་ཁྲིད་སྟོན་བྱེད་པ་དང་། དོན་འཁྱོལ་དམ་འཛིན་བྱེད་པའི་ནུས་ཤུགས་སྔར་ལས་མང་པོ་ཡོད་པར་བྱེད་དགོས། ཀྲུང་དབྱང་རིམ་པས་ཕྱི་ཚུལ་རིང་ལུགས་ཀྱིས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བའི་ཆེད་དོན་བྱ་བའི་ལམ་སྲོལ་བཅོས་སྒྲིག་བྱས་ཏེ། དུས་བཀག་ལྟར་ལྟ་སྐུལ་དང་ཞིབ་བཤེར་བྱེད་དགོས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྡེ་ཁག་སོ་སོ་དང་ཞིང་ཆེན་རིམ་པའི་ཏང་ཨུ། སྲིད་གཞུང་བཅས་ཀྱིས་ལས་དོན་བཀོད་སྒྲིག་བྱེད་སྐབས་དངོས་ཐོག་བདེན་འཚོལ་བྱེད་དགོས་ལ། ཏང་ཨུ(ཏང་ཙུའུ)ཡིས་གཙོ་གཞིའི་འགན་འཁྲི་ཁག་ཁུར་ཡག་པོ་བྱེད་པ་དང་། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་རིམ་པ་སོ་སོས་ལྟ་སྐུལ་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ནས《གཏན་འབེབས་འགའ》དོན་ཐོག་ཏུ་འཁྱོལ་བར་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན། །