མཛོད་དགེ་རྫོང་གིས་ཐག་རིང་འབྲོག་ཁུལ་དུ་གཟུགས་པོར་བརྟག་དཔྱད་བྱེད་དཀའ་བའི་གནད་དོན་ཐག་གཅོད་བྱས།

“སེ་འབྲུ”ལས་གཞིའི་བདེ་ཐང་འགན་སྲུང་བྱ་སྤྱོད་ལ་སྐུལ་འདེད་དང་འབྲོག་ཁུལ་མང་ཚོགས་ཀྱི་འཕྲོད་བསྟེན་བདེ་ཐང་ཇེ་ལེགས་སུ་གཏོང་ཆེད། ཉེ་ཆར། མཛོད་དགེ་རྫོང་འཕྲོད་བསྟེན་བདེ་ཐང་ཅུས་ཀྱིས་ལས་གཉེར་བ་སྒྲིག་འཛུགས་བྱས་ནས་གླིང་བ་ཡུལ་ཚོའི་ཐག་རིང་འབྲོག་ཁུལ་དུ་སོང་སྟེ་དམངས་ཡོངས་ལ་བདེ་ཐང་གཟུགས་བཤེར་བྱེད་སྒོ་སྤེལ། ཐག་རིང་འབྲོག་ཁུལ་དུ་ཕྱིན་ནས་སྤུས་ལེགས་བདེ་ཐང་ཞབས་ཞུ་བཏོན།

དཀའ་ངལ་ཁྱད་བསད་བྱས་ནས་ཐག་རིང་འབྲོག་ཁུལ་དུ་ཕྱིན་པ་སྟེ། འབྲོག་ཁུལ་དུ་བསྐྱོད་ཐག་རིང་ལ་འགྲིམ་འགྲུལ་སྟབས་བདེ་མིན་པར་མ་ཟད། གློག་འདོན་ཤུགས་གཏན་འཇགས་མིན་པས། གཟུགས་བཤེར་ལས་ཀའི་ཐད་ནས་འགྲན་སློང་མང་པོར་འཕྲད། གཟུགས་བཤེར་ལས་ཀ་བདེ་བླག་ངང་སྤེལ་བར་འགན་སྲུང་བྱ་ཆེད། གླིང་བ་ཡུལ་ཚོའི་འཕྲོད་བསྟེན་སྨན་ཁང་གཙོར་བཟུང་སྟེ་ཆེད་ལས་གཟུགས་བཤེར་སྨན་པ་སྒྲིག་འཛུགས་བྱས། གློག་འདོན་སྒྲིག་ཆས་དང་སྨན་བཅོས་སྒྲིག་ཆས་སྣ་མང་ཁྱེར་ནས་འབྲོག་པ་མང་ཚོགས་ལ་སྟབས་བདེ་བསྐྲུན།

གཟུགས་བཤེར་རྣམ་གྲངས་ཆ་ཚང་བས་བདེ་ཐང་ཆུ་ཚད་གནད་འཁེལ་སྒོས་དཔྱད་དཔོག་བྱ་ཐུབ་པ་སྟེ། གཟུགས་བཤེར་བྱེད་སྒོ་དེར་རྣམ་གྲངས་མང་ལ་འགག་རྩའི་ཁྱབ་ཁོངས་མང་པོ་ཚུད་ཡོད། སྒྲ་རླབས་ཞིབ་བཤེར་ཁྲོད་སྔོན་ཐོན་སྒྲ་རླབས་སྒྲིག་ཆས་བརྒྱུད་གསུས་པ་སོགས་ལ་བརྟག་དཔྱད་ཞིབ་ཕྲ་བྱས་ཏེ། མི་མངོན་པའི་དབང་པོ་ནད་འགྱུར་ལ་ཞིབ་དཔྱད་ཡང་དག་བྱ་ཐུབ། སྙིང་རིས་བརྟག་དཔྱད་ཁྲོད་ཆེད་ལས་ཀྱི་སྙིང་རིས་དཔྱད་ཆས་བརྒྱུད་སྙིང་གི་གློག་རིས་འགུལ་སྐྱོད་གནས་ཚུལ་ཡང་དག་པའི་སྒོ་ནས་ཟིན་ཐོར་བཀོད་དེ། སྙིང་གི་བྱེད་ནུས་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་བྱ་ཐུབ། ཞིབ་བཤེར་རྣམ་གྲངས་ཁྲོད་ཁྲག་སོགས་ཀྱི་མ་དཔེ་བསྡུ་ལེན་བྱས་ཏེ་དཔྱད་ཆས་བརྒྱུད་ཁྲག་དང་གཅིན་གྱི་རྒྱུན་རྣམ། མཆིན་པ་དང་མཁལ་མའི་བྱེད་ནུས། ཁྲག་ཚིལ་སོགས་བདེ་ཐང་དམིགས་ཚད་མང་པོ་ཞིག་ལ་ཞིབ་དཔྱད་བྱས་ཏེ། བདེ་ཐང་དཔྱད་དཔོག་ལ་ཚན་རིག་དང་མཐུན་པའི་གཞི་འཛིན་ས་མཁོ་འདོན་བྱས། རྨང་གཞིའི་བརྟག་དཔྱད་ཁྲོད་གཟུགས་པོའི་རིང་ཚད་དང་ལྗིད་ཚད། ཁྲག་ཤེད་སོགས་རྨང་གཞིའི་གཞི་གྲངས་ཞིབ་ཕྲ་ཚད་འཇལ་བྱས་ཏེ་འབྲོག་པའི་གཞི་རྩའི་གཟུགས་པོའི་གནས་ཚུལ་ཕྱོགས་ཡོངས་ནས་རྒྱུས་ལོན་ཡོད་པར་བྱས། ཆེད་ལས་ཚན་ཁག་གི་བརྟག་དཔྱད་ཁྲོད་ཁྲག་ཤེད་མཐོ་བའི་ནད་དང་གཅིན་པ་མངར་འགྱུར་གྱི་ནད། སྙིང་ནད་སོགས་འབྲོག་ཁུལ་གྱི་རྒྱུན་མཐོང་གི་ནད་ལ་དམིགས་ནས། ཉམས་མྱོང་ཕུན་སུམ་ཚོགས་པའི་ཆེད་ལས་ཚན་ཁག་གི་སྨན་པས་ཆེད་ལས་བརྟག་དཔྱད་བྱས་ཏེ། ནད་རྟགས་སྔ་ནས་ངོས་འཛིན་དང་སྨན་བཅོས་ཐུབ་པར་འགན་ལེན་བྱས།

གཟུགས་བཤེར་བྱེད་སྒོ་གོ་རིམ་ལྡན་ལ་ཞབས་ཞུ་ལེགས་པོ་བཏོན་པ་སྟེ། གཟུགས་བཤེར་གྱི་ཡུལ་དངོས་སུ་སྨན་བཅོས་ལས་གཉེར་བས་རང་སོའི་ལས་བགོས་ལྟར་གཟུགས་བཤེར་བྱས། གློག་འདོན་ཆས་འཁོར་སྐྱོད་བྱས་པ་བརྟན་པོ་ཡིན་པས་སྒྲ་རྦབས་དཔྱད་ཆས་དང་གློག་རིས་དཔྱད་ཆས་སོགས་སྒྲིག་ཆས་ལ་གློག་བཏོན་ནས་བརྟག་དཔྱད་ཁག་བདེ་བླག་ངང་སྤེལ་བར་འགན་སྲུང་བྱས། སྨན་བཅོས་མི་སྣས་འགན་འཁྲིའི་བསམ་པ་ལེགས་པོ་བཅངས་ནས་བརྟག་དཔྱད་ལ་ཡོང་བའི་མང་ཚོགས་རྣམས་ལ་ཞབས་ཞུ་ལེགས་པོ་བཏོན། ཁོ་ཚོར་སྔོན་ལ་ནད་ཅི་བྱུང་བ་དྲིས་ཏེ་བརྟག་དཔྱད་མཇུག་འབྲས་གསལ་བཤད་བྱས། མི་སོ་སོའི་གནས་ཚུལ་ལྟར་ལུས་ཁམས་དང་མཐུན་པསི་བདེ་ཐང་བསམ་འཆར་བཏོན། འགྲོ་སྐྱོད་སྟབས་བདེ་མིན་པའི་འབྲོག་པའི་ཁྱིམ་དུ་སོང་ནས་ཁོ་ཚོར་རང་ཁྱིམ་ནས་ལུས་པོར་བརྟག་དཔྱད་བྱས་ཏེ་ཐུགས་ཁུར་ཟབ་བཞེས་གནང་།
ཕན་འབྲས་མངོན་གསལ་དོད་པོ་ཐོན་ནས་བདེ་ཐང་གི་འདུ་ཤེས་ལེགས་པོ་བསྐྱེད་པ་སྟེ། འབྲོག་ཁུལ་དུ་སོང་ནས་དམངས་ཡོངས་ལ་གཟུགས་བཤེར་བྱེད་སྒོ་སྤེལ་ཐེངས་དེར་ཐག་རིང་འབྲོག་ཁུལ་གྱི་མང་ཚོགས་ལ་སྒོ་ཁྱིམ་ནས་ཆེད་ལས་ཀྱི་བདེ་ཐང་བརྟག་དཔྱད་ཞབས་ཞུ་བཏོན་པ་དང་། གཟུགས་བཤེར་བརྒྱུད་མང་ཚོགས་མང་པོར་རང་ལུས་ཀྱི་བདེ་ཐང་གནད་དོན་ཤེས་སུ་བཅུག ནད་རིགས་འགོག་བཅོས་ལ་ངོས་འཛིན་གསལ་པོ་བྱུང་པས། ཚང་མའི་བདེ་ཐང་འདུ་ཤེས་ཇེ་དྲག་ཏུ་བཏང་། བསྡོམས་པས་འབྲོག་པ་1031ལ་གཟུགས་བཤེར་ཞབས་ཞུ་བཏོན། བདེ་ཐང་སྐོར་གྱི་བློ་འདྲི་ཐེངས་200ལྷག་ལ་འགྲེལ་ལན་བཏབ། མི་ཐེངས་1000ལ་དྲིལ་སྒྲོག་སློབ་གསོ་བྱས། གཅོང་ནད་འགོག་བཅོས་ལག་དེབ་300ལྷག་བཀྲམ།