འཕྲོད་བསྟེན་བདེ་ཐང་ཁྱིམ་ཚང་ཁྲི་སྟོང་མང་པོར་བསྒྲགས།

ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ།
སྤེལ་དུས།: ༢༠༢༥ ལོའི་ཟླ་ ༨ ཚེས་ ༦

“སེ་འབྲུ”ལས་གཞིའི་བདེ་ཐང་འགན་སྲུང་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་གཏོང་ཆེད། མཛོད་དགེ་རྫོང་འཕྲོན་བསྟེན་བདེ་ཐང་ཅུས་ཀྱིས“སྨན་བཅོས་བདེ་ཐང”ཁྱིམ་ཚང་ཁྲི་སྟོང་མང་པོ་སྒྲོག་པའི་ཆེད་ལས་ཚོགས་པ་སྒྲིག་འཛུགས་བྱས་ནས། ཉེ་ཆར་བྱམས་མེ་གྲོང་རྡལ་དུ“སྨན་བཅོས་བདེ་ཐང”དྲིལ་བསྒྲགས་བྱེད་སྒོ་སྤེལ། ཚོགས་པས་རྒྱ་བོད་སྐད་གཉིས་ཀྱི་ལམ་ནས་གྱོད་དཔེ་དབྱེ་ཞིབ་བྱས་པ་བརྒྱུད། རིམས་ནད་དང་ས་གནས་ཀྱི་ནད་གཞི། གཅོང་ནད་འགོག་བཅོས་སོགས་བདེ་ཐང་ཤེས་བྱ་གཞི་རིམ་ལ་བསྒྲགས་ནས། རོང་འབྲོག་མང་ཚོགས་ཀྱི་བདེ་ཐང་བྱང་ཚད་མཐོ་རུ་བཏང་།

རྒྱུས་ལོན་པ་ལྟར་ན། བྱེད་སྒོར་དེར་ཆེད་དུ་བདེ་ཐང་སློབ་གསོ་དང་སྨན་བཅོས་ཞབས་ཞུ་དཔུང་ཁག་སྒྲིག་འཛུགས་བྱས། དེ་རུ་རྫོང་རིམ་པའི་ཆེད་ཚན་སྨན་པ་ཡོད་ལ། ཡུལ་གྲོང་གི་ཁྱིམ་ཚང་སྨན་པ། ནད་གཡོག་དང་རིམས་འགོག་ལྟེ་གནས་ཀྱི་རྐང་འཛིན་བཅས་ཡོད། སྒྲོག་འགྲེལ་ཁྲོད་དཔུང་ཁག་གི་ཁོངས་མི་རྣམས་ཀྱིས་ཐུམ་འབུ་ནད་དང་འདུས་འདྲིལ་ནད། ཨེ་ཙེའི་ནད། བྱི་བའི་རིམས་ནད་སོགས་འགོས་ནད་ཚབས་ཆེན་དང་ས་གནས་ཀྱི་ནད་གཞི། གཅོང་ནད་སོགས་འབྲོག་ཁུལ་དུ་འབྱུང་མང་བའི་ནད་རིགས་ལ་དམིགས་ཏེ། རྒྱ་བོད་སྐད་གཉིས་ཀྱི་ལམ་ནས་གསལ་བཤད་བྱས། ས་གནས་དེར་བྱུང་གྱོད་དཔེ་དང་པར་རིས་སྟོན་པ་བརྒྱུད། རྙོག་འཛིང་ཆེ་བའི་གསོ་རིག་ཤེས་བྱ་གོ་བདེར་ཕབ་ནས་མང་ཚོགས་ཀྱི་རིམས་འགོག་བསམ་ཤེས་ཇེ་གསལ་དུ་བཏང་།

བྱེད་སྒོའི་ཡུལ་དངོས་སུ་རིམས་ནད་དང་ས་གནས་ཀྱི་ནད་གཞི། གཅོང་ནན་སོགས་འགོག་བཅོས་ཀྱི་སྒྲོག་དེབ་བསྡོམས་པས་500ལྷག་འགྲེམ་སྤེལ་བྱས། སྒྲོག་དེབ་དུ་པར་རིས་དང་རྒྱ་བོད་ཤན་སྦྱར་གྱི་གསལ་བཤད་ཡི་གེ་བཀོད་པས་མང་ཚོགས་ཀྱིས་གོ་བདེ། བྱེད་སྒོ་དེར་བྱམས་མེ་གྲོང་རྡལ་དང་མཐའ་འཁོར་གྱི་མང་ཚོགས་500ལྷག་ལ་ཕན་པ་ཐོབ་པ་དང་། འབྲོག་ཁུལ་མང་ཚོགས་ཀྱི་འཕྲོད་བསྟེན་བདེ་ཐང་འདུ་ཤེས་མཐོ་རུ་བཏང་།

རྗེས་ཕྱོགས་མཛོད་དགེ་རྫོང་གིས་བྱེད་སྒོ་དེའི་གོ་སྐབས་དམ་འཛིན་གྱིས་བདེ་ཐང་ཤེས་བྱ་ཁྱབ་རྒྱ་ཆེ་རུ་གཏོང་ངེས། “དྲུག་སྐྱོད”སྒྲོག་འགྲེལ་བརྒྱུད་ཐག་རིང་འབྲོག་ཁུལ་དང་གྲོང་གསེབ་ཏུ་སོང་སྟེ། ཕུགས་ཕན་ལམ་སྲོལ་བཙུགས་ནས་ཐོན་ཁུངས་བསྡུ་སྒྲིལ་དང་རྒྱུན་རྣམ་ཅན་གྱི་ཞབས་ཞུ་འདོན་པའི་རྣམ་པ་ལྟར། བདེ་ཐང་ཤེས་བྱ་རྩྭ་ཐང་དུ་སྒྲོག་ནས་རོང་འབྲོག་མང་ཚོགས་ཀྱི་བདེ་ཐང་བྱང་ཚད་མཐོ་རུ་གཏོང་བཞིན་མང་ཚོགས་ཀྱི་ལུས་ཁམས་བདེ་ཐང་ལ་འགན་སྲུང་བྱ་ངེས་རེད།