ཞི་ཅིན་ཕིང་དང་ནེ་པ་ལའི་ཙུང་ཐུང་པའོ་ཏེར་གྱིས་ཀྲུང་ནེའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་བ། ལི་ཆང་དང་ནེ་པ་ལའི་ཙུང་ལི་ཨའོ་ལི་ཡིས་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་བ།
ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་སྤྱི་ཟླ་8ཚེས་1ཉིན་གློག་འཕྲིན་འབྱོར་གསལ། སྤྱི་ཟླ་8ཚེས་1ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ནེ་པ་ལའི་ཙུང་ཐུང་པའོ་ཏེར་གྱིས་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་ནས་ཀྲུང་ནེ་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུས་པ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་ནེ་པ་ལའི་དབར་རི་ཆུ་འབྲེལ་ནས་ཡོད་པ་དང་མཛའ་མཐུན་འགྲོ་འོང་གི་ལོ་རྒྱུས་ཡུན་རིང་ལྡན། ཀྲུང་ནེའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70སོང་རིང་། རྒྱལ་སྤྱི་དང་ས་ཁུལ་གྱི་དུས་བབ་ལ་འགྱུར་ལྡོག་ཇི་འདྲ་བྱུང་རུང་། རྒྱལ་ཁབ་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། གཉིས་ཕན་མཉམ་ལས་བཅས་བྱས་ནས། སྤྱི་ཚོགས་ཀྱི་ལམ་ལུགས་མི་འདྲ་བ་དང་ཆེ་ཆུང་མི་འདྲ་བའི་རྒྱལ་ཁབ་དབར་གྱི་མཛའ་མཐུན་མཉམ་གནས་ཀྱི་དཔེ་མཚོན་བཏོད་ཡོད། ཉེ་བའི་ལོ་ཤས་རིང་། ཀྲུང་ནེའི་འབྲེལ་བ་སྐྱོན་བྲལ་ངང་འཕེལ་རྒྱས་བརྟན་པོ་ཕྱིན་པ་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་རྒྱུན་མཐུད་བརྟན་དུ་ཕྱིན་པ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་ཁྱབ་ཁོངས་ཁག་གི་མཉམ་ལས་ཉིན་བཞིན་རྒྱ་ཆེར་འགྲོ་བ། ཀྲུང་ནེའི་འཕེལ་རྒྱས་དང་དར་རྒྱས་ལ་ཕྱོགས་པའི་མི་རབས་ནས་མི་རབས་དབར་གྱི་མཛའ་མཐུན་གྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་ཟམ་མི་ཆད་པར་གཏིང་ཟབ་ཏུ་ཕྱིན་པ་བཅས་བྱུང་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ངས་ཀྲུང་ནེའི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཁྱེད་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་པོ་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བ་གོ་སྐབས་སུ་བྱས་ནས་སྲོལ་རྒྱུན་གྱི་མཛའ་གྲོགས་དར་སྤེལ་གཏོང་བ་དང་། ཁྱབ་ཁོངས་ཁག་གི་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། ཀྲུང་ནེའི་འབྲེལ་བས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་དེ་བས་ལེགས་པར་ཐོབ་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས། ས་ཁུལ་གྱི་ཞི་བདེ་དང་འཕེལ་རྒྱས་ལ་སྟོབས་ཤུགས་ལེགས་སྐྱེས་འབུལ་འདོད་ཡོད།
པའོ་ཏེར་གྱིས་གསུངས་དོན། ནེ་ཀྲུང་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70སོང་རིང་། ཐོག་མཐའ་བར་གསུམ་དུ་ཕན་ཚུན་ཡིད་ཆེས་དང་། བདག་དབང་འདྲ་མཉམ། ཞི་བདེ་མཉམ་གནས་བཅས་མཐའ་འཁྱོངས་བྱས་པས། རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཀྱིས་དུས་ཡུན་རིང་པོའི་ཚོད་བགམ་ཐེག་ཡོད། ཀྲུང་གོ་ནི་ནེ་པ་ལའི་ཡིད་ཆེས་འོས་པའི་ཁྱིམ་མཚེས་དང་འཕེལ་རྒྱས་ཀྱི་རོགས་ཟླ་ཞིག་རེད། ནེ་པ་ལ་ཕྱོགས་ཀྱིས་ཀྲུང་གོས་ཡུན་རིང་ནེ་པ་ལའི་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་ནེ་པ་ལའི་བདག་དབང་དང་རང་བཙན་ལ་བརྩི་འཇོག་བྱེད་་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ནེ་པ་ལ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་རྩ་དོན་ལག་ལེན་བསྟར་ནས་ཀྲུང་གོ་དང་ལག་གདང་སྦྲེལ་ཏེ་མདུན་དུ་སྐྱོད་པ་དང་། ཁྱབ་ཁོངས་ཁག་གི་མཉམ་ལས་སྔར་བས་གཏིང་ཟབ་ཏུ་བཏང་ནས། ཞི་བདེ་དང་། ཡར་ཐོན། དར་རྒྱས་བཅས་ཀྱི་ཐུན་མོང་གི་བསམ་འདུན་མངོན་འགྱུར་ཡོང་བའི་རེ་སྒུག་བྱེད་ཀྱི་ཡོད།
ཉིན་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་དང་ནེ་པ་ལའི་ཙུང་ལི་ཨའོ་ལི་ཡིས་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་བ་རེད། ལི་ཆང་གིས། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་ནེའི་འབྲེལ་བ་འཕེལ་རྒྱས་གཏོང་བར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་ནེ་པ་ལ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཀྲུང་ནེའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བ་གོ་སྐབས་སུ་བྱས་ཏེ། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་དང་། ཀྲུང་ནེའི་འཕེལ་རྒྱས་དང་དར་རྒྱས་ལ་ཕྱོགས་པའི་མི་རབས་ནས་མི་རབས་དབར་གྱི་མཛའ་མཐུན་གྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་ཟམ་མི་ཆད་པར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
ཨའོ་ལི་ཡིས། ནེ་ཀྲུང་རྒྱལ་ཁབ་གཉིས་ཀྱིས་ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔའི་རྨང་གཞིའི་ཐོག་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱེད་ཀྱི་ཡོད། ནེ་པ་ལ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་ནེ་པ་ལའི་བདག་དབང་དང་རང་བཙན་དང་། རང་བརྟེན་གདམ་ག་བྱས་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་ལ་བརྩི་འཇོག་བྱས་པར་ཚད་མཐོའི་བསྔགས་བརྗོད་བྱེད་པ་དང་། ཀྲུང་གོར་ཐོབ་པའི་ལོ་རྒྱུས་ཀྱི་གྲུབ་འབྲས་རླབས་པོ་ཆེར་རྗེས་སུ་ཡི་རངས་ཞུ་གི་ཡིན། འབྱུང་འགྱུར་ལ་རྒྱང་ལྟ་བྱས་ན། ནེ་པ་ལ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་དབར་བཞག་པའི་གྲོས་མཐུན་དོན་འཁྱོལ་ལ་མུ་མཐུད་ཤུགས་བརྒྱབ་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་ཡག་པོ་བསྐྲུན་གྱི་ཡིན་ཞེས་གསུངས་པ་རེད།