གཏན་འབེབས་གསར་པ་འདི་དག་ཟླ་8པ་ནས་ལག་ལེན་བསྟར་རྒྱུ།

《སྲིད་དོན་གཞི་གྲངས་མཉམ་སྤྱོད་སྲོལ་ཡིག》ཟླ་8ཚེས་1ཉིན་ནས་ལག་ལེན་བསྟར་རྒྱུ།《སྲོལ་ཡིག》ནང་། སྲིད་དོན་གཞི་གྲངས་ལ་གཅིག་གྱུར་གྱི་དཀར་ཆག་དོ་དམ་ལག་བསྟར་བྱ་རྒྱུ་དང་། སྲིད་གཞུང་ཚན་པས་མཉམ་སྤྱོད་བྱས་པ་བརྒྱུད་སྲིད་དོན་གཞི་གྲངས་ཐོབ་པའི་རིགས་ལ། རང་དགར་བེད་སྤྱོད་ཁྱབ་ཁོངས་རྒྱ་སྐྱེད་པ་དང་དེ་བཞིན་དམིགས་ཡུལ་གཞན་དག་ལ་སྤྱོད་པའམ་ཡང་ན་རྣམ་པ་བསྒྱུར་ནས་སྤྱོད་མི་ཆོག་པ་དང་། ཐོབ་པའི་སྲིད་དོན་གཞི་གྲངས་རང་དགར་ཕྱོགས་གསུམ་པར་མཁོ་འདོན་བྱེད་མི་ཆོག མཉམ་སྤྱོད་བྱས་པ་བརྒྱུད་སྲིད་དོན་གཞི་གྲངས་ཐོབ་ནས་འགན་འཁྲི་ལག་བསྟར་བྱེད་པའི་དགོས་མཁོ་སྐོང་ཐུབ་ན། སྲིད་གཞུང་སྡེ་ཁག་གིས་སྤྱི་དམངས་དང་ཁྲིམས་མི། དེ་བཞིན་རྩ་འཛུགས་གཞན་དག་བཅས་ནས་བསྐྱར་ཟློས་བསྡུ་རུབ་བྱ་མི་ཆོག་ཅེས་ཁ་གསལ་བཟོས་ཡོད།

《ལས་རིགས་ནད་ཀྱི་རིགས་དབྱེ་དང་དཀར་ཆག》པར་གཞི་གསར་པར་ཟླ་8ཚེས་1ཉིན་ནས་ལག་ལེན་བསྟར་རྒྱུ། དེ་སྔའི་ལས་རིགས་ཀྱི་ནད་རིགས་10དང་རིགས་132ནས་ལས་རིགས་ཀྱི་ནད་རིགས་12དང་རིགས་135(སྒོ་དབྱེའི་རང་བཞིན་གྱི་དོན་ཚན་4ཚུད་ཡོད)ལེགས་སྒྲིག་བྱས་ཡོད། ལས་རིགས་ཀྱི་ནད་རིགས་གཉིས་གསར་དུ་བསྣན་ཡོད་པ་སྟེ། ལས་རིགས་རང་བཞིན་གྱི་ཤ་གནད་དང་རུས་པའི་ནད་དང་། ལས་རིགས་རང་བཞིན་གྱི་བསམ་ནུས། བྱ་སྤྱོད་འགོག་རྐྱེན་བཅས་ཡིན་པ་དང་། རིགས་རེ་རེའི་ནང་ལས་རིགས་ཀྱི་ནད་རིགས་གཅིག་གསར་དུ་བསྣན་ཡོད།

《དྲ་རྒྱའི་ཆ་འཕྲིན་སྡེ་ཚན་གྱི་སྲིད་འཛིན་ཆད་གཅོད་ཁྲུན་གཅོད་དབང་ཆའི་ཚད་གཞི་སྤྱད་འཐུས་ཀྱི་གཏན་འབེབས》ཟླ་8ཚེས་1ཉིན་ནས་ལག་ལེན་བསྟར་རྒྱུ།《གཏན་འབེབས་》ནང་། ཁྲིམས་འགལ་བྱ་སྤྱོད་ཀྱིས་དྲ་རྒྱའི་ཆ་འཕྲིན་ནང་དོན་གྱི་བདེ་འཇགས་དང་། དྲ་རྒྱའི་འཁོར་སྐྱོད་བདེ་འཇགས། དྲ་རྒྱའི་གཞི་གྲངས་བདེ་འཇགས་བཅས་ལ་གནོད་འཚེ་ཚབས་ཆེན་བཟོས་རྗེས། མི་སྒེར་གྱི་ཆ་འཕྲིན་ཁྲིམས་འགལ་ངང་ཐག་གཅོད་བྱེད་པའམ་ཡང་ན་མི་སྒེར་གྱི་ཆ་འཕྲིན་ཐག་གཅོད་བྱས་ཏེ་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་བྱེད་པའི་འོས་འགན་མ་བསྒྲུབས་པའི་གནས་ཚུལ་ཚབས་ཆེན་ཡིན་པ་དང་། ནར་མ་སོན་པའི་མིར་སྲུང་སྐྱོང་བྱ་རྒྱུའི་སྐོར་གྱི་འབྲེལ་ཡོད་གཏན་འབེབས་དང་འགལ་བའི་གནས་ཚུལ་ཚབས་ཆེ་བ་སོགས་ཀྱི་གནས་ཚུལ་ལ་ཆད་པ་ནན་པོ་གཅོད་དགོས་ཞེས་བཏོན་ཡོད།

《རྩ་ཆེའི་ལྕགས་རིགས་དང་རྡོ་རྗེ་ཕ་ལམ་ལས་གཉེར་ལས་ཁུངས་ཀྱི་བཙོག་དངུལ་གཙང་སྒྱུར་ལ་ངོ་རྒོལ་དང་འཇིགས་སྐུལ་གྱི་མ་དངུལ་བསྡུ་སྒྲིལ་ལ་ངོ་རྒོལ་བྱེད་པའི་དོ་དམ་བྱ་ཐབས》ཟླ་8ཚེས་1ཉིན་ནས་ལག་ལེན་བསྟར་རྒྱུ། དེའི་ནང་། མཁོ་མཁན་གྱིས་དངུལ་སྨར་གྱིས་གསེར་དང་རྡོ་རྗེ་ཕ་ལམ་ཉོས་ཚེ། ཐེངས་རེའམ་ཉིན་རེའི་རིམ་རྩིས་དངུལ་གྲངས་སྒོར་ཁྲི་10ཡན(སྒོར་ཁྲི་10ཚུད་ཡོད)ཡིན་ཚེ། ལས་ཁུངས་ནས་ཀྲུང་གོའི་དངུལ་གཙང་སྒྱུར་ལ་ངོ་རྒོལ་བྱེད་པའི་ལྟ་ཞིབ་ཚད་ལེན་དབྱེ་ཞིབ་ལྟེ་གནས་ལ་སྙན་སེང་ཞུ་དགོས་ཞེས་བཏོན་ཡོད།

《ཀྲུང་གོ་མི་དམངས་དངུལ་ཁང་གི་ལས་སྒོའི་ཁྱབ་ཁོངས་ཀྱི་དྲ་རྒྱའི་བདེ་འཇགས་དོན་རྐྱེན་སྙན་ཞུའི་དོ་དམ་བྱ་ཐབས》ཟླ་8ཚེས་1ཉིན་ནས་ལག་ལེན་བསྟར་རྒྱུ། བྱ་ཐབས་ནང་། དངུལ་རྩའི་ལས་གཉེར་ལས་ཁུངས་ཀྱིས་རང་རྒྱལ་གྱི་མངའ་ཁོངས་སུ་དྲ་རྒྱའི་བདེ་འཇགས་དོན་རྐྱེན་ཐོན་སྐབས། བྱ་ཐབས་ཀྱི་གཏན་འབེབས་ལྟར་ཀྲུང་གོ་མི་དམངས་དངུལ་ཁང་ངམ་ཡང་ན་སྡོད་གནས་ཀྱི་ཀྲུང་གོ་མི་དམངས་དངུལ་ཁང་གི་ཡན་ལག་ལས་ཁུངས་ལ་སྙན་སེང་ཞུ་དགོས་པ་དང་། ཆེས་ཚབས་ཆེ་བ་དང་། ཚབས་ཆེ་བ། ཅུང་ཚབས་ཆེ་བ། དེ་བཞིན་སྤྱིར་བཏང་རིམ་པ་བཅས་ཀྱི་དྲ་རྒྱའི་བདེ་འཇགས་དོན་རྐྱེན་གྱི་རིམ་དབྱེའི་ཚད་གཞིའི་མ་མཐའི་སྒྲིག་སྲོལ་སོགས་ལ་ཁ་གསལ་བཟོས་ཡོད།

《ཞན་ཆ་ལྡན་པའི་ཆེད་མཁོའི་སྒྲིག་ཆས་ཚུར་བསྡུ་དོ་དམ་སྒྲིག་སྲོལ》ཟླ་8ཚེས་1ཉིན་ནས་ལག་ལེན་བསྟར་རྒྱུ། གློག་སྐས་དང་འགྲུལ་སྐྱེལ་ཐག་ལམ། རོལ་རྩེད་སྒྲིག་བཀོད་ཆེ་གྲས་བཅས་ཚུད་པ་ཆེད་མཁོའི་སྒྲིག་ཆས་ཕྱིར་འདྲེན་དོ་དམ་གྱི་ཁོངས་སུ་འཇུག་དགོས། ཚུར་བསྡུ་བྱེད་པའི་ལས་ཀའི་བརྒྱུད་རིམ་ནང་སྐྱོན་ཆ་ཆ་འཕྲིན་བསྡུ་རུབ་དང་དབྱེ་ཞིབ་དང་། སྐྱོན་ཆ་བརྟག་དཔྱད་དང་ངོས་འཛིན་བྱེད་པ། ཚུར་བསྡུ་ལག་བསྟར། ཚུར་བསྡུ་ལྟ་སྐུལ་བཅས་ཚུད་ཡོད།

《བྱུག་རྫས་བདེ་འཇགས་ཉེན་ཁའི་ལྟ་ཞིབ་ཚད་ལེན་དང་གདེང་འཇོག་དོ་དམ་བྱ་ཐབས》ཟླ་8ཚེས་1ཉིན་ནས་ལག་ལེན་བསྟར་རྒྱུ། ཉེན་ཁའི་དངོས་པོ་རིགས་ཆེ་བ་ལྔར་གཙོ་གནད་ཐོག་ལྟ་ཞིབ་ཚད་ལེན་བྱེད་དགོས། དེའི་ནང་ཁྲིམས་འགལ་གྱིས་ཁ་སྣོན་བྱེད་སླ་བ་མ་ཟད་མིའི་ལུས་ཁམས་བདེ་ཐང་ལ་གནོད་འཚེ་གཏོང་བའི་དངོས་པོ་དང་། བྱིས་པ་དང་སྦྲུམ་མ་སོགས་མི་ཚོགས་གཙོ་གནད་གྱི་བདེ་ཐང་ལ་གནོད་འཚེ་བཟོ་བ། མ་བཅོས་རྒྱུ་ཆ་དང་། ཐུམ་སྒྲིལ་རྒྱུ་ཆ། དེ་བཞིན་ཐོན་སྐྱེད་དང་གསོག་སྐྱེལ་གྱི་ལྷུ་ཚིགས་སུ་ནང་འདྲེན་བྱེད་སྲིད་པའི་ཉེན་ཆེའི་དངོས་པོ། ཚད་ལྡན་ལམ་ལུགས་བཟོ་བཅོས་དང་འབྲེལ་བ་ཡོད་པའི་རྣམ་གྲངས། གཙོ་གནད་དུ་དོ་སྣང་བྱེད་དགོས་པའི་མངོན་མེད་ཉེན་ཁའི་རྒྱུ་རྐྱེན་གཞན་དག་བཅས་ཚུད་ཡོད།