མཛོད་དགེ་རྫོང་གིས་སློབ་གྲྭ་ཆུང་འབྲིང་གི་སློབ་མར་སློབ་ཞིབ་བྱེད་སྒོ་སྤེལ།

ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་ཟབ་སྤེལ་སྒོས་དགེ་སློབ་ཀྱི་མཐོང་རྒྱ་ཆེ་རུ་བསྐྱེད་ཆེད། སྤྱི་ཟླ་7པའི་ཚེས་30ཉིན། མཛོད་དགེ་རྫོང་གིས་2025ལོའི་སློབ་གྲྭ་ཆུང་འབྲིང་སློབ་མའི་སློབ་ཞིབ་ལག་ལེན་གྱི་བྱེད་སྒོ་སྤེལ་འགོ་ཚུགས། དགེ་སློབ་སྐོར་དང་པོ་ཁྲེང་ཏུའུ་དང་མཐའ་འཁོར་གྱི་རྫོང་དང་གྲོང་ཁྱེར་དུ་སློབ་ཞིབ་དུ་ཕྱིན། སྐོར་རྗེས་མ་བསྡུ་བ་དང་བསྟུན་ནས་མཛོད་དགེའི་སློབ་བུ་རྣམས་མཐོ་སྒང་ས་ཁུལ་ནས་ལམ་ལ་ཆས་ཏེ་མིག་རྒྱ་བསྐྱེད་པའི་གོ་སྐབས་མཁོ་འདོན་དང་། ཤེས་ལྡན་མི་སྣ་གསོ་སྐྱོང་ལ་རྨང་གཞི་བརྟན་པོ་བཏིང་།
སློབ་ཞིབ་བྱེད་སྒོ་དེ་2025ལོའི་ཁུལ་ཡོངས་ཀྱི་དམངས་འཚོའི་དོན་ཆེན་བཅུའི་བཀོད་སྒྲིག་དང་དམ་པོར་འབྲེལ་ནས། སློབ་གསོའི་ཁྱབ་ཁོངས་ཀྱི“སློབ་གྲྭ་འགྲིམ་ཐུབ་པ”ནས“སློབ་སྦྱོང་ལེགས་པོ་བྱེད་པའི”ཕྱོགས་སུ་འཕེལ་བའི་འགག་རྩར་དམིགས་ནས་སྤེལ་བ་དང་། བྱེད་སྒོ་དེ་2025ལོའི་ཟླ་7པ་ནས་ཟླ་11པ་བར་སྐོར་ཁག་དྲུག་ཏུ་བགོས་ནས་སྤེལ་འཆར་ཡོད། སྐོར་ཁག་རེར་ཉིན་ལྔ་བཀོད་སྒྲིག་བྱས་ཡོད། “འཛམ་གླིང་སྐོར་ནས་མིག་རྒྱ་བསྐྱེད་དེ་ཕུགས་འདུན་སྙེགས”ཞེས་པ་བརྗོད་དོན་དུ་བཟུང་སྟེ། ཁྲེང་ཏུའུ་ས་ཁུལ་གྱི་སྤུས་ལེགས་སློབ་གསོའི་ཐོན་ཁུངས་བསྡུ་སྒྲིལ་བྱས་ནས། “གསར་བརྗེའི་སློབ་གསོ+མི་ཆོས་རིག་གནས+ཚན་རྩལ་གསར་གཏོད”གསུམ་གཞི་གཅིག་ཏུ་བསྡུས་པའི་སློབ་ཞིབ་མ་ལག་བཙུགས།

བྱེད་སྒོ་རུ“ཞིབ་འཇུག་སློབ་སྦྱོང་+ལྟ་སྐོར+ཉམས་ལེན”གྱི་རྣམ་པ་གསར་པ་བརྒྱུད་ཞིབ་འཇུག་སློབ་སྦྱོང་གི་མཐོང་ཟུར་བཞི་སྟེ། ཁྲོན་འཛུགས་རྟེན་མཛོད་ཁང་དང་དམར་དམག་རྒྱང་སྐྱོད་དྲན་གསོ་ཁང་སོགས་གསར་བརྗེ་སློབ་གསོའི་རྟེན་གཞིར་བསྐྱོད་ནས་རྒྱང་སྐྱོད་སྙིང་སྟོབས་རྒྱུན་འཛིན་བྱས། སན་ཞིན་ཏུའེ་དང་ཝུའུ་ཧོའུ་ཚུ་སོགས་རིག་གནས་རྗེས་ཤུལ་ལ་ལྟ་སྐོར་བྱས། “ལག་པས་མྱོང་ཐུབ་པའི་ཤེས་རིག་སློབ་ཁྲིད”ལས་སྒོ་སྤེལ། ཚན་རྩལ་ཁང་དང་གཙོ་གནད་ཚོད་ལྟ་ཁང་ལ་ལྟ་སྐོར་བྱས་ཏེ“གསར་གཏོད་ལག་ལེན་ལས་སྟེགས”བསྐྲུན། སྐྱེ་ཁམས་སྲུང་སྐྱོང་ཁུལ་དང་དེང་རབས་བཟོ་ལས་གླིང་ཁུལ་ལ་རྟོག་ཞིབ་བྱས་ནས་རྒྱུན་མཐུད་འཕེལ་རྒྱས་ཀྱི་འདུ་ཤེས་གསོ་སྐྱོང་བྱས།
མཛོད་དགེ་རྫོང་མཁར་སློབ་ཆུང་དང་པོའི་སློབ་མ་གཡུང་དྲུང་དཔལ་ལྡན་གྱིས་བཤད་རྒྱུར། འདི་ནི་ང་རང་དགེ་རྒན་དང་སློབ་གྲོགས་ཚོར་མཉམ་དུ་ཆེད་དོན་ཤེས་བྱ་སློབ་སྦྱོང་བྱས་ཏེ་འཛམ་གླིང་སྐོར་ཐེངས་ཐོག་མ་ཡིན། སློབ་གྲྭ་དང་དགེ་རྒན་རྣམས་ཀྱིས་ང་ཚོར་གོ་སྐབས་འདི་འདྲ་བརྩོན་ལེན་བྱས་པར་ཐུགས་རྗེ་ཆེ་ཞུ། ངས་རང་གི་མཐོང་ཐོས་མྱོང་གསུམ་སློབ་གྲོགས་གཞན་ལ་མཉམ་སྤྱོད་བྱ་རྒྱུ་ཡིན།

མཛོད་དགེ་རྫོང་མཁར་སློབ་ཆུང་དང་པོའི་སློབ་མ་བསོད་ནམས་ལྷ་མོ་ཡིས་བཤད་རྒྱུར། ང་རང་ཞིབ་སློབ་བྱེད་སྒོ་འདིར་ཞུགས་ཐུབ་པས་དགའ་པོ་བྱུང་། ང་ལ་ཐོབ་བྱ་མང་པོ་འདུག །མཐོང་རྒྱ་ཆེ་རུ་སོང་། ངས་རང་གི་མཐོང་ཐོས་མྱོང་གསུམ་སློབ་གྲོགས་ཚོར་མཉམ་སྤྱོད་བྱ་ངེས་ཡིན།
རྒྱུས་ལོན་པ་ལྟར་ན། བྱེད་སྒོ་དེ་རྫོང་མཁར་དང་ཆོས་རྗེ། དཔལ་སྐྱིད་གྱི་སློབ་ཆུང་གི་ཕུལ་བྱུང་དགེ་སློབ་ལ་ཁ་ཕྱོགས་ནས། ཁྱོན་མི་1024བཀོད་སྒྲིག་བྱས། ཞིབ་སློབ་བྱེད་སྒོར་མཛོད་དགེའི་སློབ་བུ་རྣམས་ལ“ལོ་རྒྱུས་བློ་ལ་ངེས་ནས་འབྱུང་འགྱུར་ལ་མདུན་སྐྱོད་ཀྱི ”སྒེའུ་ཁུང་ཞིག་ཕྱེ་ནས། ཁོ་ཚོར་ཞིབ་འཇུག་སློབ་སྦྱོང་ཁྲོད་ཤེས་བྱ་ཐོབ་པ་དང་།མཐོང་རྒྱ་ཆེ་རུ་ཕྱིན་ནས་འབྱུང་འགྱུར་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་འདིང་ཐུབ་པའི་རེ་སྨོན་ཡོད།
མཛོད་དགེ་རྫོང་སློབ་གསོ་ཅུས་རྨང་གཞིའི་སློབ་གསོ་ཀུའུ་ཀྲང་ཀྲུའུ་ཞུའེ་ཅན་གྱིས་བཤད་རྒྱུར། ཞིབ་སློབ་བྱེད་སྒོ་དེ་བརྒྱུད་ནས་བྱིས་པ་རྣམས་ཀྱི་མཐོང་རྒྱ་བསྐྱེད། མེས་རྒྱལ་འཕེལ་རྒྱས་ཀྱི་འགྱུར་ལྡོག་མཐོང་ཐུབ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་བཏང་ནས། ཕུགས་འདུན་སྐྱོང་བའི་རེ་བ་ཡོད། རུ་སྣེ་ཁྲིད་མཁན་ཞིག་ཡིན་པའི་ངོས་ནས། ང་རང་ལས་སྒོའི་བརྒྱུད་རིམ་ཧྲིལ་བོར་ཞུགས་ཏེ། “རྔ་བ་ནས་ཆས་ཏེ་འཛང་གླིང་འགྲིམ་པའི”བྱེད་སྒོ་ནི་ཡུལ་སྐོར་བྱེད་ཐེངས་ཞིག་ཡིན་པ་མ་ཟད། བྱིས་པ་རྣམས་འཚར་ལོངས་ལམ་གྱི“སྣུམ་སྣོན་ས་ཚིགས”ཡིན་པས། ཁོ་ཚོས་མཐོང་རྒྱ་དང་ཕུགས་འདུན་འཁྱེར་ནས་ཕ་ཡུལ་འཕེལ་རྒྱས་དང་རང་ཉིད་ཀྱི་འབྱུང་འགྱུར་ཆེད་འབད་བརྩོན་ཧུར་ཐག་བྱ་རྒྱུར་རོགས་རམ་བྱ་རྒྱུ་ཡིན།