ཡུས་ཧྲུའུ་ཁྲི་འདུའི་བོད་ཀྱི་གནའ་གྲོང་གི་མཛེས་ཉམས།

གནམ་སྔོན་གུར་དུ་ཕུབ་ཅིང་སྤྲིན་དཀར་གོས་སུ་བཀླུབས་པའི་མཚོ་སྔོན་ཡུས་ཧྲུའུ་ཁྲི་འདུ་རྫོང་དུ་གནའ་ཉམས་དོད་པའི་བོད་ཀྱི་འབྱུང་ཁམས་རིག་གནས་ས་མཐོའི་འདུས་སྡོད་ཀྱི་གྲོང་ཚོ་ཞིག་གི་མཛེས་སྡུག་གིས་ས་ཆ་སྟོད་སྨད་བར་གསུམ། ཉི་མ་ཤར་ལྷོ་སྒང་དྲུག་གི་ཡུལ་སྐོར་བའི་ཡིད་དབང་འགུག་བཞིན་འདུག གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་དཔལ་ཡོན་རིག་གནས་ཀྱི་ཡུལ་སྐོར་དུས་ཆེན་སྐབས་བཅུ་གསུམ་པའི་བཅར་འདྲིའི་ཚོགས་ཆུང་གིས་རེ་བ་རུམ་གང་བསྣམས་ཏེ་ས་ནག་འདོམ་ལ་འཇལ། སྤྲིན་དཀར་ཐོད་ལ་བླངས་ནས་ད་རེས་ཁྲི་འདུ་རྫོང་གི་རིག་གནས་ཡུལ་སྐོར་དུས་སྟོན་གྱི་ལས་རིམ་ཁག་ལ་རྒྱུས་ལོན་བྱས་ཤིང་“ས་མཐོའི་པེ་ཅིང་ཆུང་བ”ཞེས་སུ་གྲགས་པའི་གོའོ་གནའ་གྲོང་དང་ལབ་མདའ་ཚང་གི་ཁང་བརྩེགས་རྙིང་པའི་གནའ་ཤུལ་སོགས་ལ་ཞིབ་ཀྱིས་མཇལ་ནས་ལྷོད་ཀྱིས་ཉུལ་བ་ཡིན།


རྒྱུས་ལོན་བྱུང་བ་ལྟར་ན། བོད་འབྲེལ་ས་ཁུལ་ཡོངས་སུ་སྔར་བཞིན་གནའ་གྲོང་དུ་སྡོད་མཁན་ཡོད་པའི་གནའ་བོའི་གྲོང་ཚོ་ཉུང་ངུའི་ཆ་ནས། མཚོ་སྔོན་ཡུས་ཧྲུའུ་ཁྲི་འདུ་རྫོང་གིས་ཁྱད་ཆོས་ལྡན་པའི་གྲོང་རྡལ་དང་། མཛེས་སྡུག་ལྡན་པའི་གྲོང་གསེབ། གྲོང་གསེབ་དར་སྤེལ་སོགས་ཀྱི་སྲིད་ཇུས་གནད་འཕིགས་ལག་བསྟར་བྱས་ནས་གནའ་མིའི་ཐོན་རྫས་བསྡུ་ཉར་དང་གནའ་དཔེ་སྲོལ་བཟང་དར་སྤེལ། ཡུལ་སྐོར་དང་། ཉམས་ལེན། ཞིབ་འཇུག་བཅས་གཞི་གཅིག་ཅན་གྱི་མཚོ་སྔོན་གྱི་གནའ་བོའི་བོད་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་མ་ལག་བསྐྲུན་ཏེ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་ས་མཐོའི་འདུས་སྡོད་དཔེ་མཚོན་དང་། ཡུས་ཧྲུའུ་ཡི་གནའ་བོའི་བོད་ཀྱི་རིག་གནས་ཡུལ་སྲོལ་ཡུལ་སྐོར་མིང་བྱང་གསར་པ། གནའ་བོའི་བོད་ཀྱི་རིག་གནས་གསར་གཏོད་ཐོན་རྫས་ཞིབ་འཇུག་གསར་སྤེལ་དང་ལས་སྣོན་དཔེ་སྟོན་ཁུལ་བཅས་བཙུགས་ཡོད།


ལབ་མདའ་ཚང་གི་ཐོག་བརྩེགས་རྙིང་པ་ནི་འབྲི་ཆུའི་འབབ་རྒྱུད་ཀྱི་ཡུལ་སྐོར་ལམ་ཐིག་ཐོག་རིན་ཐང་ཆེན་པོ་ལྡན་པའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་མཛེས་ལྗོངས་ཤིག་ཡིན། དེར་བརྟེན། ལབ་ཤང་སྲིད་གཞུང་གིས་ལྷ་སི་ཐུང་གྲོང་ཚོ་ལྟེ་བར་བྱས་ཏེ་ལབ་མདའ་ཚང་ཐོག་བརྩེགས་ཁང་དང་། མོ་ལུའོ་རང་བྱུང་བཀན་གཟར། གོའོ་གནའ་གྲོང་སོགས་རང་བྱུང་མི་ཆོས་ཀྱི་མཛེས་ལྗོངས་ཁུལ་དུ་བདམས་ནས་ཡུལ་སྐོར་མཛེས་ལྗོངས་ཁུལ་བསྐྲུན་ཡོད། ལོ་རེར་ཡུལ་སྐོར་བས་མཛེས་ལྗོངས་ཉམས་ལེན་བྱ་ཡུལ་གལ་ཆེན་དུ་གྱུར་ཡོད་པ་རེད།


ཁྲི་འདུ་རྫོང་གི་ས་ཆར་ཁྱིམ་གཞིས་མཛེས་སྡུག་ལྡན་པ་དང་། བདེ་སྡོད་ལས་བརྩོན། མི་རིགས་མཐུན་སྒྲིལ།དཔལ་ཡོན་འཆམ་མཐུན་གྱི་མེ་ཏོག་སྡུག་གུར་བཞད་ཅིང་སྐྱེ་ཁམས་དག་ཞིང་གི་མཛེས་སྡུག་ལྡན་པའི་ཀྲུང་གོའི་སྣོད་བཅུད་ཀྱི་སྒེའུ་ཁུང་ཆེས་ཆེར་ཕྱེས་ཡོད་པ་རེད།

