ཞི་ཅིན་ཕིང་ནས་འབྲུབ་འགོག་གནོད་སེལ་ཐད་ནན་སྟོན་འདི་ལྟར་གནང་།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འབྲུབ་འགོག་གནོད་སེལ་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་བ་རེད།
ཞི་ཅིན་ཕིང་གིས། ཉེ་དུས་ཧྭ་ཤར་དང་། ཧྭ་བྱང་། བྱང་ཤར་སོགས་ས་ཁུལ་དུ་བསྟུད་མར་དྲག་ཆར་བབས་ནས། ཆུ་ལོག་དང་ས་གཤིས་གནོད་འཚེ་ཐོན་ཞིང་། པེ་ཅིང་དང་། ཧོ་པེ། ཅི་ལིན། ཧྲན་ཏུང་སོགས་སུ་མི་སྣ་ཤི་རྨས་དང་རྒྱུ་ནོར་གྱི་གྱོང་གུན་ཚབས་ཆེན་བཟོས་ཡོད། འབྲུབ་འགོག་གནོད་སྐྱོབ་གནོད་སེལ་ལས་དོན་ཁག་ཏན་ཏིག་ངང་སྒྲུབ་པ་དང་། འབྲེལ་བ་ཆད་པ་དང་ཉེན་ཁའི་གནས་སུ་གྱར་བའི་མི་སྣ་ནུས་ཤུགས་ཡོད་རྒུས་འཚོལ་སྐྱོབ་བྱེད་པ། ཉེན་ཁ་འཕྲད་པའི་མང་ཚོགས་བློ་ཐག་ཆོད་པོས་གནས་སྤོ་བཀོད་སྒྲིག་བྱེད་པ་བཅས་བྱས་ནས། གང་ཐུབ་ཅི་ཐུབ་ཀྱིས་མི་སྣ་ཤི་རྨས་ཉུང་དུ་གཏོང་དགོས་ཞེས་བསྟན་འདུག
ཞི་ཅིན་ཕིང་གིས། མིག་སྔ་ནི་བདུན་པའི་ཟླ་སྨད་དང་བརྒྱད་པའི་ཟླ་སྟོད་ཀྱི་འབྲུབ་འགོག་འགག་རྩའི་དུས་ཚོད་ལ་སླེབས་པས། ས་གནས་ཁག་དང་འབྲེལ་ཡོད་སྡེ་ཁག་གིས་མཐའ་ཐིག་གི་བསམ་བློ་དང་། མཐར་ཐུག་གི་བསམ་བློའི་ཐོག་ནས། ཆབ་སྲིད་ཀྱི་འགན་འཁྲི་ཁྱོན་ཡོངས་ནས་གསལ་ནན་བཟོ་བ་དང་། འབྲུབ་འགོག་བྱ་ཐབས་ཁག་དོན་འཁྱོལ་ངོ་མ་དང་དོན་འཁྱོལ་ཞིབ་ཕྲ་བྱེད་པ། ཉམས་ཞན་ལྷུ་ཚིགས་དང་གནད་འགག་གཙོ་བོར་དམ་པོར་དམིགས་པ། ཚན་རིག་དང་མཐུན་པའི་ངང་རོགས་སྐྱོབ་སྟོབས་ཤུགས་དང་གནོད་སེལ་དངོས་རྫས་བཀོད་གཏོང་བྱེད་པ། ཛ་དྲག་གནས་ཚུལ་ཐོན་མ་ཐག་ལན་ཆ་བྱེད་ཐུབ་པ་དང་། དུས་ཐོག་ཏུ་ཐག་གཅོད་བྱེད་ཐུབ་པར་འགན་ལེན་བཅས་བྱས་ནས། མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱ་དགོས་ཞེས་ནན་སྟོན་གནང་འདུག
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་བའི་ནང་། པེ་ཅིང་གྲོང་ཁྱེར་སྨི་ཡུན་ཆུས་ཀྱི་དྲག་ཆར་ཆུ་ལོག་གནོད་འཚེས་མི་སྣ་ཤི་རྨས་ཚབས་ཆེན་བཟོས་ཡོད། འབྲེལ་བ་ཆད་པའི་མི་སྣ་ནུས་ཤུགས་ཡོད་རྒུས་འཚོལ་སྐྱོབ་བྱེད་པ་དང་། གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་འོས་འཚམ་བྱེད་པ། མི་སྣ་ཤི་རྨས་ཉུང་དུ་གཏོང་གང་ཐུབ་བྱེད་དགོས། ཉེ་དུས་ཧྭ་བྱང་གི་ས་ཁུལ་འགའ་རེར་བསྟུད་མར་དྲག་ཆར་བབས་པས། རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་ཡིས་འབྲེལ་ཡོད་ས་ཁུལ་ནས་དྲག་ཆར་ཆུ་ལོག་གི་གནོད་འཚེར་ཁ་གཏད་གཅོག་པའི་ཤུགས་ཚད་སྔར་བས་ཆེ་རུ་གཏོང་རྒྱུར་མཛུབ་སྟོན་བྱེད་པ་དང་། གནམ་གཤིས་ངན་པར་བརྟག་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བའི་ལས་དོན་ཡག་པོ་སྒྲུབ་པ། གཙང་པོ་དང་ཆུ་བོ། ཆུ་མཛོད་དང་ཆུ་རགས་ལ་བསྐོར་ཞིབ་ཉེན་བཤེར་དང་གྲོང་ཁྱེར་གྱི་འཁྱིལ་ཆུའི་ཉེན་ཁ་གྲལ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། ཉེན་ཁ་འཕྲད་པའི་མང་ཚོགས་དུས་ཐོག་ཏུ་གནས་སྤོ་བཀོད་སྒྲིག་བྱེད་པ་བཅས་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་སྲུང་ཏན་ཏིག་བྱ་དགོས་ཞེས་བསྟན་འདུག