མཛོད་དགེ་རྫོང་གིས“སེ་འབྲུ”ལས་གཞིར་གཞིགས་ནས་ས་གནས་ཀྱི་ནད་གཞི་འགོག་བཅོས་ཞབས་ཞུའི་ལས་དོན་སྤེལ།

ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ།
སྤེལ་དུས།: ༢༠༢༥ ལོའི་ཟླ་ ༧ ཚེས་ ༢༩

རྔ་བ་ཁུལ་ཡོངས་ཀྱི་འཕྲོད་བསྟེན་ཚོགས་ཆེན་གྱི་སྙིང་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་དང་ས་གནས་ཀྱི་ནད་གཞི་འགོག་བཅོས་ལས་དོན་གྱི་བླང་བྱ་ལག་བསྟར་བྱས་ཏེ། གཞི་རིམ་མང་ཚོགས་ཀྱི་བདེ་ཐང་ཆུ་ཚད་མཐོ་རུ་གཏོང་བཞིན་ས་གནས་ཀྱི་ནད་གཞི་ཚོད་འཛིན་དང་ནད་པའི་ཁམས་གསོ་དོ་དམ་ཚད་ལྡན་དུ་གཏོང་ཆེད། “སེ་འབྲུ”ལས་གཞིའི་བདེ་ཐང་འགན་སྲུང་ལས་སྒོའི་འབྲེལ་ཡོད་བཀོད་སྒྲིག་ལྟར། ཉེ་ཆར་མཛོད་དགེ་རྫོང་ཆོས་རྗེ་ཡུལ་ཚོའི་འཕྲོད་བསྟེན་ཁང་དང་རྐྱང་ཚ་ཡུལ་ཚོའི་འཕྲོད་བསྟེན་ཁང་། སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་སུ་ས་གནས་ཀྱི་ནད་གཞི་འགོག་བཅོས་ཞབས་ཞུའི་བྱེད་སྒོ་སྤེལ། མང་ཚོགས་ཀྱི་སྒོ་ཁྱིམ་དུ་སོང་ནས་ཆེད་ལས་ཀྱི་ཀྲུང་ལུགས་གསོ་རིག་སྨན་བཅོས་ཞབས་ཞུ་བཏོན།

བྱེད་སྒོ་དེར“སེ་འབྲུ”ལས་གཞིའི་བདེ་ཐང་འགན་སྲུང་ལས་སྒོའི་སྙིང་དོན་ལྟ། ས་གནས་ཀྱི་ནད་པའི་དགོས་མཁོ་དངོས་ལ་གཞིགས་ནས་ཧྥུལ་རུས་ནད་པ་དང་རུས་ཚིགས་ཆེ་འགྱུར་ནད་པར་སྨན་བཅོས་ཞབས་ཞུ་བཏོན། འཕུར་མཉེད་དང་མེ་བཙའ། སྨན་ཁྲིས་སོགས་ཀྱི་སྨན་བཅོས་བྱེད་སྟངས་བརྒྱུད། ནད་པར་ན་ཟུག་ཇེ་ཆུང་དང་རྐང་ལག་བདེ་ལ་བཀོད་ནས་འཚོ་བའི་སྤུས་ཀ་ཇེ་ལེགས་སུ་བཏང་། མང་ཚོགས་ལ་ཏང་དང་སྲིད་གཞུང་གི་དམངས་ཕན་སྲིད་ཇུས་དངོས་སུ་ཚོར་ཐུབ་པ་བྱས་ཏེ། སྦྱོར་བ་དངོས་ཀྱིས་མང་ཚོགས་ཀྱི་བདེ་ཐང་ལ་འགན་སྲུང་བྱས། བྱེད་སྒོ་དེར་ནད་པ་200ལྷག་ལ་སྨན་བཅོས་ཞབས་ཞུ་བཏོན།

འགོག་བཅོས་ཕན་འབྲས་ལ་ཤུགས་སྣོན་བྱས། སྨན་བཅོས་མི་སྣས“སེ་འབྲུ”ལས་གཞིའི་བདེ་ཐང་འགན་སྲུང་ལས་སྒོ་བརྒྱུད་བདེ་ཐང་ཤེས་བྱ་ཁྱབ་གདལ་གྱི་བླང་བྱ་ལྟར་བདེ་ཐང་དྲིལ་བསྒྲགས་བྱེད་སྒོ་སྣ་མང་སྤེལ། སྒྲོག་ཤོག་བཀྲམ་པ་དང་ཡུལ་དངོས་དོགས་གནད་སེལ་བའི་ཐབས་ལམ་བརྒྱུད། མང་ཚོགས་ལ་སྨན་རྫས་མིན་པའི་སྨན་བཅོས་ཤེས་བྱ་དང་བདག་སྐྱོང་གནད་དོན། རྗེས་སོའི་དོ་དམ་གྱི་བླང་བྱ་བཅས་ཁྱབ་གདལ་བཏང་ནས། མང་ཚོགས་ཀྱི་རང་འགུལ་འགོག་བཅོས་འདུ་ཤེས་སྔར་བས་ཆེ་རུ་བཏང་། མི་རིགས་ཁག་གི་མང་ཚོགས་ལ་ཚན་རིག་དང་བདེ་ཐང་གི་འདུ་ཤེས་བསྐྱེད་པར་ཁྲིད་སྟོན་བྱས་ཏེ། ས་གནས་ཀྱི་ནད་གཞི་ལ་སྨན་རྫས་མིན་པའི་སྨན་བཅོས་དང་རྗེས་སོའི་དོ་དམ་གྱི་ལས་འགན་དུས་བཅད་ལྟར་སྒྲུབ་པར་རྨང་གཞི་བརྟན་པོ་བཏིང་།