རྒྱ་བོད་ཤན་སྦྱར་གྱི«ཐོག་ཁང་དམར་པོའི་རྨི་ལམ»པར་སྐྲུན་བྱས་འདུག

ཉེ་སྔོན། བོད་ཀྱི་ཞུ་ཆེན་ལོ་ཙཱ་བ་ཆེན་མོ་མགོ་ལོག་རྣམ་རྒྱལ་ལགས་ཀྱིས་བསྒྱུར་བའི«ཐོག་ཁང་དམར་པོའི་རྨི་ལམ»གྱི་རྒྱ་བོད་ཤན་སྦྱར་མ་པོད་བརྒྱད་ཀྱི་བདག་ཉིད་ཅན་དེ་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམས་སྤེལ་བྱས་འདུག བོད་འགྱུར་མའི་དེབ་འདིས་ཚའོ་ཞུའེ་ཆིན་གྱི་མ་རྩོམ་དང་ཀྲི་ཡན་ཀྲའེ་ཡིས་དཔྱད་མཆན་བཏབས་པའི་རྩ་ཆེའི་པར་གཞི་གཞི་འཛིན་སར་བྱས་ཏེ། མཁས་པ་ཁྲིན་ཝེ་ཡིང་དང་ཀའོ་ཨུ་སོགས་ཀྱིས་སྣོན་འཕྲི་དང་ཁ་གསབ་སོགས་བྱས་པའི་པར་གཞི་དོར་ཡོད་པས། རྩོམ་པ་པོའི་སྨྱུག་རྩེ་ནས་བརྡོལ་བའི་ནང་དོན་ངོ་མ་དང་ཐག་ཉེ་ཤོས་ཀྱི་བོད་ཡིག་པར་མ་ཡིན་ཞེས་ཀྱང་བརྗོད་ཆོག
དེ་གོང་བོད་ཡིག་ཀློག་པ་པོ་རྣམས་ཀྱི་སྤྱན་སྔར་བསྟར་བའི«ཐོག་ཁང་དམར་པོའི་རྨི་ལམ»ནི་གཙོ་བོ་མཁས་དབང་ལོ་ཙཱ་བ་བསོད་ནམས་དཔལ་འབྱོར་དང་སྐུ་ཞབས་ངག་དབང་ཆོས་དར་གྱིས་བདམས་བསྒྱུར་བྱས་པའི་པར་གཞི་ཡིན། ད་ཐེངས་ཀྱི་འགྱུར་གསར་ཆ་ཚང་འདིར་ལོ་ཙཱ་བ་རྒན་རབས་པའི་གྲུབ་འབྲས་དཔྱད་གཞིར་བཟུང་ཐོག བོད་ཡིག་ཀློག་པ་པོར་འཛམ་གླིང་གི་རྩོམ་རིག་བརྩམས་ཆོས་གྲགས་ཅན་གང་དེའི་རིག་གནས་ཀྱི་རིན་ཐང་དང་སྒྱུ་རྩལ་གྱི་ཡིད་དབང་འཕྲོག་ཤུགས་མངོན་པར་བྱས་ཡོད།
«ཐོག་ཁང་དམར་པོའི་རྨི་ལམ»གྱི་རྒྱ་བོད་ཤན་སྦྱར་མ་པར་སྐྲུན་བྱས་པ་དེས་ཀྲུང་ཧྭའི་གསུང་རབ་དེ་བོད་སྐད་དུ་ཆ་ཚང་བར་བསྒྱུར་མེད་པའི་སྟོང་ཆ་དེ་ཡོངས་སུ་བསྐངས་ཡོད་ཅིང་། མི་རིགས་རིག་གནས་སྤེལ་རེས་ཀྱི་ཐད་ལའང་གོམ་པ་གལ་ཆེན་ཞིག་སྤོས་པ་མཚོན་གྱི་ཡོད་པས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་འདི་སྔར་ལས་རྒྱ་ཆེ་བའི་ཁྱབ་ཁོངས་སུ་ཁྱབ་སྤེལ་དང་མཉམ་སྒྲོག་བྱ་རྒྱུར་སྐུལ་འདེད་གཏོང་ངེས་རེད།

གཞུང་འདིའི་བྱེད་པོ་མཁས་པའི་དབང་པོ་ཚའོ་ཞུའེ་ཆིན་ནི་ཧ་ལམ་སྤྱི་ལོ1715ལོ་ནས་སྤྱི་ལོ1763ལོའི་བར་ལ་འཚོ་གཞེས་མཛད་ལ། རུས་ལ་ཚའོ་ཞེས་པ་དང་མིང་ལ་ཀྲན། ཡི་གེ་མེང་རོན་དང་བཏགས་མིང་ལ་ཞུའེ་ཆིན་ཞུ་བ་དང་། གོང་མ་ཁང་ཞི་ཁྲི་ལོ་ང་བཞི་པ་སྤྱི་ལོ1715ལོ་སྟེ་བོད་རབ་བྱུང་བཅུ་གཉིས་པའི་ཤིང་མོ་ལུག་ལ་ཡབ་ཚའོ་ཡུང་དང་ཡུམ་མ་ཧྲིའི་སྲས་སུ་ཡུལ་ནན་ཅིང་གྲོང་ཁྱེར་དུ་སྐུ་འཁྲུངས་ཤིང་། ཡབ་མེས་མི་རབས་གསུམ་དང་སྔ་གཞུག་ཏུ་མི་བཞི་ཡིས་འབྲི་ཆུའི་ལྷོ་ཕྱོགས་སུ་གོང་མའི་དར་གོས་འཐག་ལས་ཀྱི་འགོ་འདོམས་པ་ལོ་དྲུག་ཅུ་ཙམ་ལ་བྱས་པ་དང་། གོང་མ་ཁང་ཞི་ཐེངས་མ་དྲུག་ལ་འབྲི་ཆུའི་ལྷོ་ཕྱོགས་སུ་བསྐོར་ཞིབ་བྱས་པ་ལས་ཕེབས་ཐེངས་བཞི་ལ་ཚའོ་ཚང་གི་ཁྱིམ་དུ་སྣེ་ལེན་བྱས་ཤིང་བཞུགས་སྒར་བརྒྱབ་མྱོང་ལ། ཚའོ་ཞིའི་ཆུང་མ་སུན་ཧྲི་ནི་གོང་མ་ཁང་ཞི་ཡི་ནུ་བྱིན་མ་མ་བྱས་པ་དང་། བུ་ཚའོ་དབྱིན་ནི་གོང་མ་སྐུ་ན་ཕྲ་དུས་ཀྱི་སློབ་གྲོགས་དང་ཞབས་ཞུ་བ་བྱེད་མྱོང་བས་འབྲེལ་འདྲིས་ཤིན་ཏུ་ཟབ་བོ། །ཚའོ་ཞུའེ་ཆིན་ལོ་ན་ཆུང་བའི་དུས་ནས་བཟུང་གཞུང་དང་བསྟན་བཅོས་རྒྱ་མཚོའི་ཕ་རོལ་ཏུ་སོན་ལ། བཅད་ལྷུག་སྤེལ་མའི་སྙན་ངག་དང་རྩོམ་ལ་སྦྱངས་པ་ཆེ་བ་དང་། བརྐོ་དཀྲོལ་དང་མཛེས་རིས་སོགས་ལའང་བྱང་ཆུབ་པར་གྱུར། ཁོང་གི་བརྩམས་ཆོས་ལ་རྡོ་ཡི་བྱུང་བ་བརྗོད་པའམ་རྗེས་སུ་ཐོག་ཁང་དམར་པོའི་རྨི་ལམ་ཞེས་བཏགས་པ་དེ་ལས་གཞན་ད་རུང་ཐེའུ་བརྐོ་ཐབས། རྔོ་བ་བརྟག་ཐབས། རལ་གྲིའི་རིག་པ། མཛེས་བྱད་སྐྲུན་ཐབས། འཐག་འཚེམ་གྱི་རིག་པ། ཚོས་འདེབས་པའི་ཐབས། དཀྲོལ་གྱི་རིག་པ། བཟའ་བཏུང་གཡོ་བསྐོལ་བྱེད་ཐབས་སོགས་བརྩམས་ཆོས་ཡན་ལག་བརྒྱད་ཡོད་ཅེས་ཡོངས་སུ་གྲགས་སོ། །གོང་མ་ཁང་ཞི་སྐུ་འདས་པའི་རྗེས་སུ་ཡུང་ཀྲེང་ཁྲིར་འཁོད་ཅིང་དེས་ནང་འགལ་རྩ་མེད་གཏོང་བའི་སླད་དུ་འགལ་ཕྱོགས་ཀྱི་མི་མང་པོའི་ཚེ་སྲོག་ལ་བབས་པ་དང་། ཚའོ་ཡི་རིགས་རྒྱུད་ལའང་བསྙད་ཕོག་ནས་ཁྱིམ་བཤེར་བྱས་པར་མ་ཟད། གོ་གནས་ཕྱིར་འཐེན་བྱས་པ་དང་། ཁྱིམ་གཞིའང་པེ་ཅིན་མཁར་དུ་སྤོ་དགོས་བྱུང་། དེ་ནས་བཟུང་དགུང་ལོ་བཅུ་གསུམ་ཙམ་ལས་ལོན་མེད་པའི་ཚའོ་ཞུའེ་ཆིན་གྱི་ལུས་ལ་དར་གོས་ཀྱིས་བཏུམས་པ་དང་། རིན་ཆེན་རྒྱན་ཆ་སྣ་ཚོགས་ཀྱིས་སྤྲས་པ། རོ་བརྒྱའི་བཟའ་བཏུང་ལ་ལོངས་སྤྱོད་པའི་དུས་ནི་འདའ་བར་གྱུར་སོང་ངོ་། །རེ་ཞིག་ནས་ཕ་ཚའོ་ཡུང་ལ་སླར་ཡང་ཕོ་བྲང་ནང་མའི་དཔོན་རིགས་ཀྱི་ཆོ་ལོ་སྤྲད་ནའང་ཅང་མ་འགོར་བར་ནང་འགལ་རྩོད་རྙོག་བསླངས་དུས་སུ་སླར་ཚའོ་རིགས་ཁྱིམ་རྒྱུད་ལ་ཐེངས་གཉིས་པའི་སྔོག་བཤེར་བྱས་ཏེ་ཚའོ་རིགས་ལ་ཉམས་རྒུད་ཆེན་པོ་ཐེབས་ཏེ་པེ་ཅིན་མཁར་ནས་གནས་སྤོས་ཏེ་ནུབ་ཕྱོགས་བས་མཐའི་རི་བོ་དྲི་བཟང་འཐུལ་བ་ཞེས་པར་སྤོས་ནས་སྤྱིལ་བུ་ཐབས་ཆག་ཅིག་བརྒྱབ་ནས་ཉམས་ཐག་གི་འཚོ་བ་རོལ་བཞིན་མཆིས་སོ། །སྐབས་དེར་ཁོང་གིས་མི་ལོ་བཅུ་ཕྲག་ལ་དཀའ་བ་ཁྱད་དུ་བསད་ཅིང་ངལ་བ་དང་དུ་བླངས་ཏེ་རྡོ་ཡི་བྱུང་བ་བརྗོད་པའམ་ཐོག་ཁང་དམར་པོའི་རྨི་ལམ་ཞེས་པའི་ལེའུ་བརྒྱད་ཅུའི་བདག་ཉིད་ཅན་འདི་ཕྱག་རྩོམ་མཛད་དེ། སུག་བྲིས་བྱས་པའི་དེབ་མི་འདྲ་བ་སྣ་ཚོགས་ཤིག་མི་དྲག་སྐུ་དྲག་དང་མཁས་པ་མང་པོའི་མདུན་དུ་ས་ཁྱབ་རྡོ་ཁྱབ་བྱས།

རྡོ་ཡི་བྱུང་བ་བརྗོད་པའམ་ཐོག་ཁང་དམར་པོའི་རྨི་ལམ་ཞེས་བྱ་བའི་གནའ་གཞུང་རྩོམ་རིག་གི་བརྩམས་ཆོས་ཆེན་མོ་འདི་ནི་ཀྲུང་གོའི་བཀས་བཀོད་རྒྱུད་འཛིན་སྤྱི་ཚོགས་ཡོངས་ཀྱི་མཇུག་མ་སྟེ། ཆིང་རྒྱལ་རབས་ཀྱི་རྩོམ་རིག་གར་སྟེགས་སྟེང་གི་ཆེས་ངོ་མཚར་རྨད་དུ་བྱུང་བའི་བརྩམས་ཆོས་རླབས་ཆེན་ཞིག་རེད་ལ། དེས་བསམ་བློ་དང་སྒྱུ་རྩལ་སྟེང་བླངས་པའི་བླ་ན་མེད་པའི་གྲུབ་འབྲས་ནི་ཀྲུང་གོའི་བརྩམས་ཆོས་ཐམས་ཅད་ཀྱི་ཡང་རྩེར་སོན་ཡོད་པ་སྟེ། དཔེར་ན། ཀྲུའུ་ཞི་མའོ་ཙེ་ཏུང་གིས་ང་ཚོ་ཀྲུང་གོར་དཔེ་ཆ་གཅིག་ཡོད་དེ་མིང་ལ་ཐོག་ཁང་དམར་པོའི་རྨི་ལམ་ཞེས་བྱ་ཞེས་གདེང་འཇོག་མཐོན་པོ་མཛད་པ་བཞིན་ནོ། །བརྩམས་ཆོས་འདིའི་ནང་དུ་ཅ་ཚང་གི་རིགས་རྒྱུད་གཙོ་བྱས་པའི་ཁྱིམ་རྒྱུད་ཆེན་པོ་བཞིའི་དར་རྒུད་ཀྱི་རྣམ་པ་བརྗོད་བྱ་བྱས་ཏེ་སྲས་པའོ་ཡུས་དང་སྡུག་གུ་མ་ལིན་ཏའེ་ཡུས་གཉིས་བར་གྱི་བརྩེ་དུང་གི་རྣམ་པ་དང་སྲས་པའོ་ཡུས་དང་གཞོན་ནུ་མ་པའོ་ཁྲའེ་གཉིས་གཉེན་སྒྲིག་བྱས་པའི་ངང་ཚུལ་སྐྱོ་འོས་པ་བྲིས་པ་བརྒྱུད་དེ་སྐྱེ་ཁུངས་མི་འདྲ་བའི་བུ་མོ་བརྒྱ་ཕྲག་གི་ལས་དབང་དང་བདེ་སྡུག་གཟུགས་ཅན་བཞིན་དུ་བྲིས་ཤིང་། ཁྱིམ་རྒྱུད་དང་ཁྱིམ་རྒྱུད་བར་གྱི་འགལ་ཟླ་རྣམ་པ་སྣ་ཚོགས་དང་། ཕན་ཚུན་བར་དུ་ཕོག་ཐུག་འགྲོ་ཚུལ་སོགས་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་ཟབ་མོ་མཚོན་འདུག །བརྩམས་ཆོས་དེའི་མི་སྣ་གཙོ་བོ་པའོ་ཡུས་ལ་ངོ་ལོག་རྒྱབ་གཏད་ཀྱི་ཀུན་སློང་མངའ་བས་དུས་སྐབས་དེའི་ཡར་ཐོན་གྱི་བསམ་པ་དང་། དམངས་གཙོའི་ཐོག་མའི་འདུ་ཤེས། འདྲ་མཉམ་གྱི་ལྟ་ཚུལ། རང་ངོའི་རེ་བ་བཅས་མཚོན་ལ། དེར་སྐྱོ་འོས་པའི་རྣམ་པ་དང་འབྲལ་བར་དཀའ་བའི་སྡུག་བསྔལ་བའི་ཉོན་མོངས་ཡོད་ནའང་། དེས་བཀས་བཀོད་རྒྱུད་འཛིན་གྱི་སྤྱི་ཚོགས་ནང་ཁུལ་གྱི་རུལ་སུངས་དང་ཉམས་རྒུད་ཀྱི་རྣམ་པ་ཇི་མ་ཇི་བཞིན་དུ་མཚོན་ཡོད་དོ། །བརྩམས་ཆོས་དེས་སྲོལ་རྒྱུན་གྱི་བསམ་བློ་དང་རྩོམ་གྱི་འབྲི་སྟངས་ལས་བརྒལ་ནས་མི་གཤིས་སྣ་མང་ལ་ཁྱད་ཆོས་གསལ་བའི་རྣམ་པ་བཞེངས་སྐྲུན་བྱས་ཡོད་ཅིང་། ལྷག་པར་དུ་གཞོན་ནུ་མ་བརྒྱ་དང་བརྒྱད་ཀྱི་གཟུགས་སྐྱེ་འབྲས། ཕྱིའི་ཉམས་འགྱུར། ནང་གི་ཀུན་སློང་། ཞྭ་གོས་མནབ་ཚུལ། གཏམ་བརྗོད་དང་ཁ་འཛུགས། མཛའ་བརྩེ་དང་གདུང་སེམས། ཐ་ན་ཟས་ལ་རོལ་ཚུལ་དང་མཆི་མ་དཀུ་ལུགས་བཅས་སོ་སོའི་རྣམ་པ་མ་འདྲེས་པར་ཆུ་ལ་ཆུ་བཞག་པ་བཞིན་བྲིས་པས་རྩོམ་རྩལ་རྨད་དུ་བྱུང་འདུག བརྩམས་ཆོས་འདི་ནི་རྩོམ་པ་པོ་རང་གི་མྱོང་ཚོར་ལྟར་དུ་རྟོག་བཟོ་བྱས་པ་ཞིག་ཡིན་མོད། འོན་ཀྱང་འཚོ་བ་དངོས་ལྟར་དུ་ཡིད་རྟོན་རུང་བས་འོ་མ་དང་ཆུ་བཞིན་དུ་འདྲེས་ཡོད། རྡོ་ཡི་བྱུང་བ་བརྗོད་པའམ་ཐོག་ཁང་དམར་པོའི་རྨི་ལམ་ཞེས་པ་འདིའི་བརྗོད་བྱའི་འཚོ་བ་རྒྱ་ཆེ་ལ། རྗོད་བྱེད་ཀྱི་ཚིག་ནི་ཟབ་ཅིང་ཞིབ་པས་ཀྲུང་གོའི་བཀས་བཀོད་རྒྱུད་འཛིན་སྤྱི་ཚོགས་ཀྱི་ཤེས་བྱ་ཀུན་འདུས་ཞེས་པའི་མིང་གི་གྲགས་པ་རྒྱས་ལ་འཕྲིན་ལས་ཤིན་ཏུ་དར། དེའི་ནང་གི་འཇིག་རྟེན་མི་ཆོས། རྒྱལ་ཁབ་ལམ་ལུགས། ཁྱིམ་གྱི་སྲོལ་ཀ །ཁྲིམས་སྲོལ་ལམ་ལུགས་འདུས་པའི་དོན་དག་འགངས་ཆེན། དཔོན་རིགས་ཀྱི་ལམ་ལུགས། གུས་ལུགས་དང་ཡུལ་སྲོལ། ཆོས་ལུགས་དང་མཚན་ཉིད་རིག་པ། གྱོན་པ་དང་ཡོ་བྱད་ཀྱི་རིགས། བཟོ་བཀོད་དང་སྐྱེད་ཚལ། རོལ་མོ་དང་མིག་མངས། ཡིག་གཟུགས་དང་རི་མོ། སྙན་ཚིག་དང་ཟློས་གར། ཟས་ཀྱི་གཡོ་བསྐོལ་དང་སྨན་གྱི་སྡེབ་སྦྱོར་སོགས་མ་འདུས་པ་མེད་པས་སྲོལ་རྒྱུན་རིག་གནས་ཀྱི་ཉིང་བཅུད་དང་འཛམ་གླིང་རྩོམ་རིག་གན་མཛོད་ལས་རིན་བྲལ་གྱི་ནོར་བུ་ལྟ་བུར་སྣང་།