བགྲང་བྱ་50རིང་དུ་ནད་པ་ཁྲི་113ལ་སྨན་བཅོས་བྱས་པའི་གྲོང་གསེབ་ལྷ་རྗེ་སྒྲོལ་མ་ཚེ་རིང་།

ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ།
སྤེལ་དུས།: ༢༠༢༥ ལོའི་ཟླ་ ༧ ཚེས་ ༢༥

དེ་རིང་སྟེ་སྤྱི་ཟླ་7པའི་ཚེས་25ཉིན་ནི་སྡེ་དགེ་རྫོང་ར་སྐོར་ཡུལ་ཤོག་གི་བོད་སྨན་ཚན་ཁག་བཙུགས་ནས་ལོ་ངོ་ལྔ་བཅུ་འཁོར་བའི་ཉིན་མོ་རེད། ཉིན་དེར། སྡེ་དགེ་རྫོང་གིས་ལྷ་རྗེ་སྒྲོལ་མ་ཚེ་རིང་གི་མཛད་རྗེས་ལ་གཟེངས་བསྟོད་དང་ཁོང་གི་སྙིང་སྟོབས་ལ་སློབ་སྦྱོང་བྱ་ཆེད། སྒྲོལ་མ་ཚེ་རིང་གིས་ལྷ་རྗེ་མཛད་ནས་བགྲང་བྱ་ལྔ་བཅུ་འཁོར་བའི་བཞུགས་མོལ་ཚོགས་འདུ་སྡེ་དགེ་རྫོང་ར་སྐོར་འཕྲོད་བསྟེན་ཁང་དུ་འཚོགས་ཤིང་། སྡེ་དགེ་རྫོང་གི་རྫོང་དཔོན་ཚུལ་ཁྲིམས་ཡེ་ཤེས་ཡུལ་དངོས་སུ་ཕེབས་ནས་གསུང་བཤད་གནང་བ་དང་འབྲེལ་ཡོད་ལས་ཁུངས་ཀྱི་དབུ་ཁྲིད་རྣམས་ཚོགས་འདུར་ཞུགས་པ་དང་། ཁོང་ལ་སྡེ་དགེ་རྫོང་འཕྲོད་བསྟེན་བདེ་ཐང་ལས་དོན་གྱི་ཕུལ་བྱུང་བྱས་རྗེས་ཅན་ཞེས་པའི་མཚན་སྙན་གསོལ་བ་རེད།

དབྱར་ཟླ་གཞུང་མའི་མཐོ་སྒང་ནི། མཆོར་སྒེག་ངོམ་པའི་སྨན་ཆུང་འདྲ། ཉེ་ཆར། ངེད་བཅར་འདྲི་ཚོ་ཆུང་སྡེ་དགེའི་ཨ་ཕྱུག་རྩྭ་ཐང་ནས་རྫ་ཆུ་སྔོན་མོ་ཐུར་དུ་དེད་ནས་རྫ་ཁོག་ལུང་པའི་མཛེས་ལྗོངས་ལ་ལྟ་ཞོར་ར་སྐོར་ཕྱོགས་སུ་བསྐྱོད། ང་རང་ར་སྐོར་དུ་དངོས་སུ་སླེབས་མ་མྱོང་ཀྱང་། སྔར་ནས་ར་སྐོར་ཐུབ་ནོར་དང་ར་སྐོར་སྒྲོལ་མ་ཚེ་རིང་ཞེས་རྣ་འཇགས་ཁུར་འདུག་ལ། ལྷག་པར་དུ་ལྷ་རྗེ་སྒྲོལ་མ་ཚེ་རིང་ཞེས་ཉེ་ས་མིག་གིས་མ་མཇལ་ཡང་རྒྱང་རིང་རྣ་བས་མང་དུ་ཐོས་མྱོང་ཞིང་། ད་ཐེངས་ཆེད་དུ་ཁོང་ལ་བཅར་འདྲི་བྱེད་ས་འགྲོ་ཐུབ་པ་ནི་གོ་སྐབས་ཡག་པོ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད།

རྫ་ཆུའི་འགྲམ་ངོགས་གཉིས་སུ་ནགས་ཚལ་སྟུག་པོ་དང་སྤང་རི་སྔོན་མོ། ས་ཞིང་གཤིན་པོ། བོད་ཁང་ཐར་ཐོར་སོགས་གཡུ་ཡི་སྐེ་རྒྱན་ལ་གཟི་བྱུར་སྤོས་གསུམ་གྱིས་ཕྲ་བརྒྱན་སྤྲས་པ་དང་གཉིས་སུ་མ་མཆིས་ཤིང་། རླངས་འཁོར་གྱི་སྒེའུ་ཁུང་ནི་བརྙན་འཕྲིན་གྱི་འཆར་ཤེལ་ལྟར་མཛེས་པའི་ཡུལ་ལྗོངས་དེ་མིག་ལམ་དུ་རྟབ་རྟབ་པོར་རྒྱུ་བཞིན་འདུག །དེ་ལྟར་ཆུ་ཚོད་འགར་བསྐྱོད་རྗེས་གྲོང་སྡེ་ཆུང་ཆུང་ཞིག་ཏུ་སླེབས། དེ་རུ་སྒོ་ར་ཅུང་ཆེ་བའི་ཐོགས་ཁང་དཀར་པོ་ཁང་བརྩེགས་གཉིས་ཡོད་པའི་ཁང་བརྩེགས་དང་པོའི་ཟུར་ཀ་ཞིག་ན་མི་ཚོགས་སྤུངས་ནས་འཚང་ཁ་ཤིག་ཤིག་བྱེད་ཀྱི་འདུག་པས། དེའི་ཕྱོགས་སུ་སོང་བ་ན་བཟང་དྲུག་སྨན་གྱི་དྲི་བསུང་འཐུལ་བའི་ཁང་མིག་ཆུང་ཆུང་ཞིག་གི་ནང་དུ་གཟུགས་པོ་སྟོབས་ཅིང་སྨ་ར་དང་དབུ་སྐྲ་སྐྱ་སེར་སྔོ་སེར་གྱུར་པ། ཞལ་ངོ་དམར་མདངས་ཆེ་ཞིང་ཤ་བཀྲག་དྭངས་པ། བྱམས་བརྩེས་ཕྱུག་པའི་མིག་ཟུང་གི་ཤ་ལྤགས་ཅུང་སྐྲངས་ཤིང་མིག་ཤེལ་དཀར་པོ་མནབས་པ། ཕེབས་པའི་སྐབས་སུ་རོ་སྟོད་ཅུང་སྒུར་ཞིང་རྐང་པའི་འདེགས་འཇོག་ཤིན་ཏུ་བྲེལ་བ། སྨན་བསྟེན་ཚུལ་དང་བཟའ་བཏུང་གི་འཛེམ་བྱ་རྣམས་དབྱངས་རྟ་སྙན་མོའི་ལམ་ནས་ཁ་འདོན་བྱས་པ་ལྟར་བསྒྲགས་ཀྱི་འདུག །སྨན་ཁང་ཆུང་ཆུང་དེའི་གྱང་ངོས་སུ་བྱ་དགའི་དཔང་ཡིག་གིས་ཁྱབ་འདུག་ལ། དྲ་མིག་ལྟ་བུའི་སྨན་སྒྲོམ་དུ་ཁ་བྱང་གསལ་པོ་བྲིས་པའི་སྨན་དམ་གྲལ་དུ་བསྒྲིགས་ཤིང་། མདུན་གྱི་ཅོག་ཙེའི་ཐོག་ཏུ་ཤོག་ཆག་བྱས་ནས་བསྒྲིགས་པའི་སྨན་ཕྱེ་དང་ཟུར་གྱི་ཤོག་སྒམ་ནང་དུ་སྨན་རིན་དུ་བླངས་པའི་སྒོར་མོ་སིལ་མ་ཐ་རེ་ཐོ་རེ་འདུག

སྨན་ཁང་གི་སྒོ་འགྲམ་དུ་ཐག་རིང་ལེ་བར་བརྒྱ་ཕྲག་ནས་འོང་བའི་ནད་པ་དང་རྒན་རྒོན་ཚོས་རེ་བའི་མིག་ཟུང་གིས་ལྷ་རྗེའི་ནད་དཔྱད་དང་སྨན་ལ་རེ་སྒུག་བྱས་འདུག་པས། སྐབས་དེར་སྨན་པ་ཟུར་དུ་གདན་ནས་ཆེད་དུ་བཅར་འདྲི་བྱེད་དགོས་ཀྱང་། སེམས་ལ་དོགས་མི་བདེ་བའི་ཚོར་བ་ཞིག་སྐྱེས་ནས། སྨན་པའི་ལས་དོན་ལ་བཀག་འགོག་ཅི་ཡང་མེད་པར་ཁོང་གི་རྗེས་དེད་དེ་འདྲ་པར་དང་བརྙན་ཐུང་འགའ་རེ་ལེན་ཞོར། བཅར་འདྲི་ཐུང་ངུ་ཙམ་བྱེད་པའི་གོ་སྐབས་ཐོབ་བྱུང་། གྱང་ངོས་སུ་ཚར་དུ་དངར་བའི་གཟེངས་རྟགས་དང་སྒོ་འགྲམ་ནས་འཚང་ཁ་བརྒྱབ་པའི་མི་ཚོགས་ལ་བལྟས་ཀྱང་ཁོང་གི་མཛད་རྗེས་ནི་བཤད་མ་དགོས་བཤམས་ཡོད་པ་ཞིག་རེད་འདུག་ལ། སྨན་བཅོས་ཀྱི་ཆ་རྐྱེན་ལྟོས་བཅས་ཀྱིས་ཞན་པའི་འབྲོག་པའི་ས་གནས་འདི་རུ་ཁོང་གིས་དུས་རབས་ཕྱེད་ཙམ་གྱི་རིང་དུ་དཀའ་སྡུག་གི་རྔུལ་ཆུ་དྲོན་མོས་ཞབས་རྗེས་གང་འདྲ་བཞག་ཡོད་དམ།

དེ་ནས་ལྷ་རྗེ་སྒྲོལ་མ་ཚེ་རིང་གིས་ཡིག་ཚགས་འཇོག་སྣོད་གསར་པ་ཞིག་གི་ནང་ནས་ཡིག་ཆ་རྙིང་ཧྲུལ་ཞིག་བླངས་ནས། འདི་ནི་1975ལོའི་ཟླ་7པའི་ཚེས་25ཉིན་མཉམ་འབྲེལ་སྨན་ཁང་བཙུགས་དུས་ཀྱི་མ་དངུལ་ཡོད་ཚད་རེད་གསུངས་བྱུང་། ཤོག་ཧྲུལ་དེའི་ངོས་སུ་དབུ་མེད་ཀྱིས་རེའུ་མིག་ལྟར་ཟླ་7པའི་ཚེས་25ཉིན་རྡོ་བ་གཉིས་པས་སྒོར་157དང་། འབར་ཆུང་གཉིས་པས་སྒོར་182ཞེས་རྡོ་བ་དང་པོ་དང་གཉིས་པ། འབར་ཆུང་དང་པོ་དང་གཉིས་པ། ཉག་ཤུལ་དང་པོ་དང་གཉིས་པ་བཅས་གྲོང་སྡེ་དྲུག་གིས་བསྡོམས་པས་སྒོར་1092སྤྲད་ནས་མཉམ་འབྲེལ་སྨན་ཁང་འཛུགས་བྱེད་ཀྱི་མ་དངུལ་བྱས་པའི་གནས་ཚུལ་དུས་རབས་ཕྱེད་ཀའི་ཡར་སྔོན་དུ་བྲིས་ནས་ད་དུང་ཀྱང་ཉར་ཚགས་བྱས་འདུག་ལ། སྨན་ཁང་གི་ཆ་རྐྱེན་ཇེ་ལེགས་དང་ནད་བསྟེན་མཁན་ཇེ་མང་སོང་བ་དང་བསྟུན་ནས་ཡིག་ཚགས་སུ་བཀོད་པའི་ཡིག་ཆའང་ཇེ་མང་དུ་སོང་འདུག །ད་ལྟ་ར་སྐོར་འཕྲོད་བསྟེན་ཁང་བོད་སྨན་ཚན་ཁག་ལ་སྨན་ཧྲོབ་སྔོ་སྨན་དང་སྨན་ཕྱེ་སོགས་རྒྱ་མ་ཁྲི་བདུན་ཙམ་ཡོད་ཅིང་། དེ་སྒོར་མོ་རུ་ཕབ་ན་ས་ཡ་གསུམ་ལྷག་གི་རིན་པ་ལྡན།

སྤྱི་ཟླ་7པའི་ཚེས་25ཉིན་ནི་སྒྲོལ་མ་ཚེ་རིང་ལགས་ཀྱིས་ལྷ་རྗེའི་ལས་དོན་བསྒྲུབས་ནས་ལོ་ངོ་50ལོན་པའི་ཉིན་མོ་རེད་ལ། ཁོང་གིས་དུས་རབས་ཕྱེད་ཀའི་རིང་གངས་ཅན་མཐོ་སྒང་དུ་ཞབས་རྗེས་དང་། འབྲོག་པའི་ས་ཁུལ་ལ་མཛད་རྗེས་བཞག །གཞི་རིམ་མི་སེར་གྱི་བདེ་ཐང་བསྲུངས་ནས་ཡིད་དབང་འཕྲོག་པའི་ཚེ་སྲོག་གི་བསྟོད་དབྱངས་སྙན་མོ་ཞིག་བརྩམས་ཡོད།

ལྷ་རྗེ་སྒྲོལ་མ་ཚེ་རིང་ལགས་ཀྱིས་སྨན་ཁང་འདི་བཙུགས་ནས་ལོ་ངོ་ལྔ་བཅུ་ཐམ་པ་ཡིན། ངས་ད་བར་དུ་ནད་པ་ཁྲི་113ལ་ནད་བལྟས་ཀྱང་། དེ་ལས་སྨན་བཅོས་ཀྱི་དོན་རྐྱེན་ཐེངས་གཅིག་ཤོར་མ་མྱོང་བར་མ་ཟད། སྨན་བཅོས་ཀྱི་གོ་རིམ་ཁྲོད་ནད་པ་གཅིག་ལའང་སྲོག་སྐྱོན་ཤོར་མ་ཐལ། དུས་རྒྱུན་གཙོ་བོ་བོད་སྨན་ཐད་སྨན་བཅོས་བྱས་ཀྱང་ནུབ་སྨན་ཀྱང་ལག་ལེན་བསྟར་དགོས་པ་རེད། ད་དུང་ཕྲུ་གུ་སྐྱེ་ལེན་བྱས་པ་ཡིན་ལ། ད་ལྟའི་བར་ཡིག་ཐོག་ལ་འཁོད་ཡོད་པ་135ཙམ་འདུག་ཀྱང་ཕལ་ཆེར་150ནས་160བར་ཡོད་ངེས། དེ་ལས་ཕྲུ་གུའི་ཨ་མ་གཅིག་ཀྱང་སྲོག་སྐྱོན་ཤོར་མ་མྱོང་ཞེས་ཁ་ཚོན་ཆོད་མོས་གསུངས་བྱུང་།

1975ལོ་ནས་ད་བར་ཏེ། ཉེ་བའི་ལོ་ཤས་མ་གཏོགས་གཟའ་མཇུག་སོགས་གུང་གསེང་མེད་པར། དུས་ཚོད་ཕལ་ཆེ་བར་ཉི་མ་རེ་ལ་ཞོགས་དགུང་ཟས་ཐུན་གཉིས་ཀྱིས་ཆོག་པར་བྱས་ཏེ། ཆ་སྙོམས་ཉིན་རེར་དུས་ཚོད་བཅོ་ལྔ་ཡས་མས་ལ་ལས་ཞུགས་བྱས། འདས་པའི་མི་ལོ་ལྔ་བཅུའི་ཡུན་ལ་ཁྱོན་བསྡོམས་ནད་པ་ཁྲི་113ལྷག་ལ་སྨན་བཅོས་མཛད་ཅིང་། སྡེ་དགེ་རྫོང་གི་ཡུལ་ཤོག་ཁག་དང་། གཞན་ཡང་དཀར་མཛེས་ཁུལ་གྱི་རྫོང་ཁག་སོ་སོ་དང་རྔ་བ་ཁུལ། ཐ་ན་མཚོ་སྔོན་དང་བོད་ལྗོངས་སོགས་ནས་ཀྱང་སྨན་བསྟེན་དུ་ཡོང་བཞིན་ཡོད། སྨན་ཡོན་དུ་ཟླ་བ་རེར་སྒོར་དྲུག་ལས་ལེན་བཞིན་མེད་ལ། འཚོ་བ་ཞན་པ་རྣམས་ལ་རིན་མེད་དུ་སྨན་སྦྱིན་གནང་བཞིན་ཡོད།

ར་སྐོར་ལྷ་རྗེ་འབར་ཆུང་སྒྲོལ་མ་ཚེ་རིང་མཆོག་ནི་1954ལོའི་ཟླ་དང་པོའི་ཚེས་10ཉིན་སྡེ་དགེ་རྫོང་ར་སྐོར་གོང་མ་ཡུལ་ཚོ་འབར་ཆུང་ཤུ་གུར་སྡེ་པའི་འབྲོག་ཁྱིམ་ཞིག་ཏུ་སྐུ་འཁྲུངས། ཁྱིམ་གཞིས་བཟུང་བ་དང་རྒྱུ་ནོར་གསོག་སྲུང་སོགས་སྒེར་གྱི་འཚོ་བ་ལ་རྩོལ་སྒྲུབ་གང་ཡང་མ་བྱས་པར། ཞིང་འབྲོག་མང་ཚོགས་ཀྱི་བདེ་ཐང་ཁོ་ན་གཙོ་གནད་དུ་བཟུང་སྟེ། དགུང་ལོ་21ནས་ད་བར་དུ་ནད་བཅོས་སྨན་སྦྱིན་ཁོ་ནས་མི་ཚེ་བསྐྱལ། བྱང་ཟུར་ཆུ་བོ་གཅིག་འདྲེས་ཀྱི་དགེ་རྒན་དམ་པ་མཁན་པོ་ཐུབ་བསྟན་ནོར་བུ་ལས་དཔལ་ལྡན་རྒྱུད་བཞིས་གཙོས་པའི་བོད་ཀྱི་གསོ་རིག་གཞུང་ལུགས་མྱོང་བ་ལག་ལེན་དང་བཅས་པ་སྟེ། སྨན་རྫས་བཞུ་བརྟུལ་དང་སྡེབ་སྦྱོར། བཟོ་ཐབས། ནད་དཔྱད་ངོས་འཛིན་དང་ནད་སྨན་སྤྲོད་ཐབས་སོགས་སྦྱངས་བ་ཕུལ་དུ་ཕྱིན་པ་མཛད། དགེ་རྒན་གཞན་གྱི་མདུན་ནས་ཀྲུང་ལུགས་དང་ནུབ་ཕྱོགས་ཀྱི་གསོ་བ་རིག་པའི་གཞི་རྩའི་ཤེས་བྱ་དང་ལག་ལེན་སྐོར་སློབ་སྦྱོང་མཛད། ཁོང་ལ་སྔ་གཞུག་ཏུ་རྒྱལ་ཡོངས་ཀྱི་ཕུལ་བྱུང་གྲོང་གསེབ་སྨན་པ་དང་རྒྱལ་ཡོངས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་ཁོངས་གཏོགས་ཀྱི་ངལ་རྩོལ་དཔེ་བཟང་མི་སྣ། སི་ཁྲོན་གྱི་མི་བཟང་། ཀྲུང་གོའི་ཆེས་མཛེས་པའི་སྨན་པ་སོགས་ཀྱི་མཚན་སྙན་ཐོབ་ཡོད།

སྒྲོལ་མ་ཚེ་རིང་གིས་ནད་བཅོས་སྨན་སྦྱིན་ལག་ལེན་དངོས་ཐོག་ཏུ་ཁེལ་ཅི་ཐུབ་བྱས་ཐོག །སྨན་ཧྲོབ་ཉོ་སྒྲུབ་དང་སྨན་རྩྭ་བཏུ་སྐམ། སྨན་སྣ་སྡེབ་སྦྱོར། ནད་བཅོས་སྨན་སྦྱིན། སྨན་རྫས་ཉར་ཚགས། སྨན་ཁང་འཛུགས་སྐྲུན་དང་དོ་དམ། ཁོར་ཡུག་གཙང་སྦྲ་སོགས་བདག་གཉེར་ཡོད་ཚད་རང་གིས་བྱས་ཏེ། ཕྱི་ནང་གསང་བའི་དགྲ་རྐུན་ཇག་གསུམ་སོགས་ཀྱི་འགལ་རྐྱེན་མཐའ་དག་གདོང་གིས་བསུས་ནས། ནད་ཡོད་མཁན་ལ་སྨན་བཅོས་དང་ནད་མེད་མཁན་ལ་སྔོན་འགོག །ནད་པའི་འགྲོ་གྲོན་ཆུང་བ། ནད་པས་སྨན་བསྟེན་སླ་བ་སོགས་ཀྱི་གྲུབ་འབྲས་མངོན་འགྱུར་ཐུབ་པར་འབད་བརྩོན་ཆེར་བསྐྱེད་བྱས།

དགུང་ལོ་ཇེ་བགྲེས་སུ་སོང་བ་དང་བསྟུན་ནས། སྒྲོལ་མ་ཚེ་རིང་ལགས་ཀྱི་ཐུགས་སུ་ནད་སྐྱོབ་སྨན་བཅོས་ཀྱི་བྱ་གཞག་ལ་རྫོགས་མཐའ་མེད་ཅིང་། ད་དུང་སྔ་ལྟར་གཉིད་ཆག་ཟས་བརྗེད་བྱས་ཚེ་རྒན་པོའི་ལུས་སྟོབས་ཀྱིས་མི་ལྕོགས་པ་ཚོར་གྱི་ཡོད། དེར་བརྟེན་ཁོང་གི་ཕུགས་འདུན་ཆེ་ཤོས་ནི་སྨན་བཅོས་ལག་རྩལ་དེ་རྒྱུན་ཆད་མེད་པར་རྒྱུན་འཛིན་ཐུབ་རྒྱུ་དེ་ཡིན། སྨན་པ་སྒྲོལ་མ་ཚེ་རིང་གིས་སྔ་ཕྱིར་ས་གནས་དང་སྐུ་ཡོན་མི་འདྲ་བའི་སྨན་སློབ་སུམ་ཅུ་ལྷག་གསོ་སྐྱོང་བྱས་ཤིང་། ཁྱད་པར་དུ་སྨན་སློབ་ཆོས་གྲགས་ལ་གསོ་བ་རིག་པའི་རྨང་གཞི་ངེས་ཅན་ཡོད་པས་2017ལོར་དེ་གར་སློབ་ཞུགས་བྱས། སྨན་པ་ཆོས་གྲགས་ཀྱིས་ད་བར་ལོ་བརྒྱད་ཙམ་ལ་རྒྱུད་བཞིས་གཙོ་བོར་བྱས་པའི་བོད་ཀྱི་གསོ་རིག་གཞུང་ལུགས་ཀྱི་མན་ངག་དག་ལ། བློ་སེམས་རྩེ་གཅིག་གིས་སྦྱང་སྤྱོད་ཟུང་འབྲེལ་གྱིས་འབད་པ་བྱས་ཏེ་སྨན་ལྡུམ་ངོས་འཛིན། བོད་སྨན་སྡེབ་སྦྱོར། ནད་བཅོས་སྨན་སྦྱིན་སོགས་གསོ་རིག་གི་ཡོན་ཚད་མི་དམན་པ་ཐོབ་ཡོད་པར་མ་ཟད། དགེ་རྒན་གྱི་ཁར་ཉན་ཞིང་དཔལ་འབྱོར་བདག་གཉེར་ལ་ཞིབ་ཚགས་ལྡན་པ། དཀའ་ངལ་ལ་མི་འཛེམ་ཤིང་ལས་ལ་བརྩོན་པས། སྒྲོལ་མ་ཚེ་རིང་གི་རྒྱུན་འཛིན་སྨན་པ་བྱས་ཏེ་ར་སྐོར་བོད་སྨན་རྒྱུན་འཛིན་དར་སྤེལ་བྱེད་ཀྱི་ཡོད། །