བོད་ལྗོངས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོ།

ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།
སྤེལ་དུས།: ༢༠༢༥ ལོའི་ཟླ་ ༧ ཚེས་ ༢༣

༄༅། །ཁམ་བུའི་མེ་ཏོག་རབ་ཏུ་བཞད། འབྱུང་འགྱུར་འཆར་གཞི་ལེགས་པར་བཀོད།


ཞོགས་པའི་ཉི་འོད་ཉང་ཆུ་གཙང་པོའི་ངོགས་སུ་འཕྲོས་ནས། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀ་ལ་གྲོང་ཚོའི་མུའུ་སྟོང་གི་ཁམ་བུའི་ནགས་ཚལ་ལ་གསེར་མདངས་རབ་ཏུ་བརྒྱན། རྒྱང་རིང་དུ་གངས་རི་བརྗིད་ཆགས་ཤིང་འགྱིང་ངེར་གནས་པ་དང་། ཉེ་འགྲམ་གྱི་ཡུལ་སྐོར་བའི་དགོད་སྒྲ་མེ་ཏོག་གི་དྲི་ཞིམ་དང་བསྟུན་ནས་ཀོང་པོའི་བོད་བཟོའི་ཡུལ་མིའི་སྡོད་ཁང་ནས་ལྷང་ལྷང་དུ་གྲགས་འོང་། 2025ལོའི་དབྱར་ཁའི་ཉིན་ཞིག་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་ལས་ཀ་ལ་གྲོང་ཚོར་སླར་ཡང་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཞིང་། ཉིན་ཤས་བསྟུན་མར། ས་མཐོའི་གྲོང་ཚོ་འདིར་བདེ་སྐྱིད་དང་དྲོ་སྐྱིད་ཀྱི་རྣམ་པས་ཁེངས་ཡོད།

“2024ལོར་གྲོང་ཚོས་དུད་ཚང་རེར་ཆ་སྙོམས་སྒོར་ཁྲི་10ལྷག་ཙམ་བགོས་པ་དེ་ལོ་20ཡི་གོང་བསམ་བློར་ཡང་འཁོར་མྱོང་མེད”ཅེས་གྲོང་མི་ཟླ་བ་རྒྱལ་མཚན་གྱིས་པར་རྙིང་པ་ཞིག་ལ་མཛུབ་མོ་བཙུགས་པ་དང་། ཐོག་དཔངས་དམའ་བའི་ས་ཕག་གི་ཁང་ཧྲུལ་དང་ད་ཆའི་དཀར་ཆ་དོད་པའི་སྡོད་ཁང་གཉིས་དབར་ཁྱད་པར་ཆེན་པོ་ཡོད་མིན་བརྗོད། སྔོན་ཆད་སྲོལ་རྒྱུན་གྱི་འདེབས་འཛུགས་གསོ་སྤེལ་དང་སྲིད་གཞུང་གི་ཁ་གསབ་ལ་བརྟེན་ནས་འཚོ་ཐབས་བྱེད་པའི་གྲོང་ཚོ་འདིས་ད་ཆ“ཁམ་བུའི་མེ་ཏོག་གི་དཔལ་འབྱོར”ལ་བརྟེན་ནས་ལོ་རེར་ཡུལ་སྐོར་བ་མི་ཐེངས་ཁྲི་30ལྷག་ཙམ་ལ་སྣེ་ལེན་ཞུ་གི་ཡོད་ཅིང་། 2024ལོར་གྲོང་ཚོ་ཡོངས་ཀྱི་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་1402ཟིན་པ་དང་། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི་700ཡི་འགག་སྒོ་ཆེན་པོ་ལས་བརྒལ་ནས་མི་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་4.12ཟིན་ཡོད། ཀ་ལ་གྲོང་ཚོའི་འགྱུར་ལྡོག་ནི་བོད་ཀྱི་འཕེལ་རྒྱས་གྲུབ་འབྲས་ཀྱི་མཚོན་ཚུལ་ཞིག་རེད་ལ། “རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི”འདུ་ཤེས་ཀྱི་གསོན་ཉམས་དོད་པའི་ལག་ལེན་ཞིག་དེ་བས་རེད།

སྒྱུར་བཅོས་སྒོ་དབྱེའི་གོང་། ཀ་ལ་གྲོང་ཚོའི་ཡུལ་མི་མང་ཆེ་བས་ཤིང་གཅོད་པ་དང་། ཕྱུགས་འཚོ་བ། ས་ཞིང་འདེབས་པ་བཅས་ལ་བརྟེན་ནས་འཚོ་ཐབས་བྱེད་ཀྱི་ཡོད་པས། ལོ་གཅིག་དཀའ་ལས་མང་པོ་བརྒྱབ་ཀྱང་ལྟོ་གོས་འཕྱིད་ཙམ་ལས་མེད། སྣ་གཅིག་དང་རགས་ལས་རྣམ་པའི་ཐོན་སྐྱེད་བྱེད་སྟངས་ཀྱིས་ད་དུང་སྐྱེ་ཁམས་ལ་གཏོར་སྐྱོན་ཚབས་ཆེན་ཕོག་པ་དང་རང་བྱུང་གནོད་འཚེ་ཡང་ཡང་ཐོན་གྱི་ཡོད། ཡུལ་མི་ཆོས་སྒྲོན་གྱིས“2002ལོར་ངའི་བུ་ཚ་བ་རྒྱས་ནས་གྲོང་རྡལ་སྨན་ཁང་དུ་འགྲོ་དགོས་བྱུང་། གྲོང་རྡལ་དུ་སྐྱོད་སའི་ལམ་ཆུང་གཅིག་པུ་དེ་ཁོད་སྙོམས་པོ་མེད་པ་དང་འདམ་རྫབ་ཀྱིས་ཁེངས་པས། བཟའ་ཟླས་བུ་སྒལ་པར་འཁྱེར་ནས་ཆུ་ཚོད་6ལྷག་ཙམ་བསྐྱོད་རྗེས་གཞི་ནས་གྲོང་རྡལ་སྨན་ཁང་དུ་གཞི་ནས་འབྱོར་བྱུང”ཞེས་ཕྱིར་དྲན་བྱས་ནས་བཤད། སྐབས་དེ་དུས་ཀ་ལ་གྲོང་ཚོར་དུད་ཚང་30ལྷག་ཙམ་ཡོད་པ་དེ་དག་ས་བབ་སྨི་3000ལྷག་ཙམ་ཡོད་པའི་རི་ཁུག་ཏུ་ཐར་ཐོར་ངང་གནས་པ་དང་། འགྲིམ་འགྲུལ་ཤར་གཏོང་མེད་པ་དང་ཡུལ་མིའི་འཚོ་བ་སྟབས་བདེ་མེད་པས། མི་རེར་ཆ་སྙོམས་ལོ་རེར་ཡོང་འབབ་སྒོར་2000ཡང་ཟིན་གྱི་མེད།

རྒྱལ་ཁབ་ཀྱི་ནགས་ལས་སྲིད་ཇུས་ཀྱི་ལེགས་སྒྲིག་བརྒྱུད་ལས་ཀ་ལ་གྲོང་ཚོས་སྐྱེ་ཁམས་སྲུང་སྐྱོང་གི་ཕྱོགས་སུ་བསྒྱུར་བ་དང་གནའ་བོའི་ཁམ་སྡོང་1200ལྷག་ཙམ་ནི་ཡུལ་མི་ཚོས་སྲུང་སྐྱོང་བྱེད་དགོས་པའི་འགན་འཁྲིའི་ནགས་ཚལ་ཞིག་ཡིན་ལ། སླད་ཕྱིན་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་ཕྱུག་འགྱུར་གྱི་སྡོང་པོར་ཡང་གྱུར་ཡོད། 2002ལོར་ཉིང་ཁྲིའི་ཁམ་བུའི་མེ་ཏོག་དུས་ཆེན་སྐབས་དང་པོ་ཀ་ལ་གྲོང་ཚོར་གཉེར་ཞིང་། དེ་ནས་བཟུང་ཀ་ལ་གྲོང་ཚོས་རང་ངོས་ཀྱི་ལེགས་ཆ་གང་ལེགས་བཏོན་ནས་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་བཏང་བས། ལོ་མང་བསྟུད་མར་ཉིང་ཁྲིའི་ཁམ་བུའི་མེ་ཏོག་དུས་ཆེན་གཙོ་གཉེར་བྱ་ཡུལ་དུ་གྱུར་ཡོད། གྲོང་གསེབ་གསར་པ་འཛུགས་སྐྲུན་གྱི་ཚོད་ལྟ་བྱ་ཡུལ་ཁག་དང་པོ་ཡིན་པའི་ངོས་ནས། སྲིད་གཞུང་གིས་སྒོར་ཁྲི་1200བཏང་སྟེ་ཀ་ལ་གྲོང་ཚོའི་འགྲོ་ལམ་མཁྲེགས་འགྱུར་བྱས་པ་དང་ཟམ་པ་བསྐྲུན་ཡོད། “གྲོང་ཚོའི་མདོ་ནས་རྒྱལ་ལམ་318ལ་འགྲོ་ས་ཡོད་པས་འགྲིམ་འགྲུལ་ཧ་ཅང་སྟབས་བདེ་རུ་ཕྱིན་ཏེ། ཧྲང་ཧའེ་ནས་སྒེར་འཁོར་བཏང་སྟེ་ཡོང་བའི་ཡུལ་སྐོར་བ་ཁམ་བུའི་ནགས་གསེབ་ཏུ་ཐད་ཀར་འབྱོར་གྱི་ཡོད” ཡུལ་མི་དབྱངས་ཅན་ཁྱིམ་གྱི་ཐོག་སོ་གཉིས་པ་དེ་ཁང་མིག་དྲུག་ཡོད་པའི་མགྲོན་ཁང་དུ་སྒྱུར་བཀོད་བྱས་པ་དང་། “ད་ལོ‘ལྔ་གཅིག’གུང་གསེང་སྐབས་ཡུལ་སྐོར་བ་མང་བ་དང་ཉིན་གཅིག་ལ་ཡོང་འབབ་མང་ཤོས་སྒོར་5000ལྷག་ཙམ་ཟིན་ཡོད”

2014ལོར་ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་གིས“མཛེས་ལྗོངས་ཁུལ་གྱིས་གྲོང་ཚོར་སྣེ་ཁྲིད་བྱེད་པའི”རྣམ་པ་སྤྱད་དེ་མ་དངུལ་སྒོར་ཁྲི་4800བཏང་ནས“ཀ་ལའི་ཁམ་བུའི་མེ་ཏོག་གི་འབྱུང་ཁུངས”3Aརིམ་པའི་མཛེས་ལྗོངས་ཁུལ་བསྐྲུན་ཡོད། ཡུལ་མིས་ས་ཞིང་མ་རྐང་ནང་ཞུགས་པའི་རྣམ་པར་བརྟེན་ནས་ཡུལ་སྐོར་མཉམ་ལས་ཁང་བཙུགས་པས། མཛེས་ལྗོངས་ཁུལ་གྱི་ཡོང་འབབ་ཀྱི་30%བགོ་འགྲེམས་བརྒྱབ་པ་དང་30%སྐྱེ་ཁམས་སྲུང་སྐྱོང་ལ་སྤྱད་ཡོད་པ་རེད། གྲངས་གཞི་ལས་མངོན་པར། ད་ལོའི“ཁམ་བུའི་མེ་ཏོག་དུས་ཆེན”རིང་ཀ་ལ་གྲོང་ཚོས་མཐའ་འཁོར་གྱི་རྡོ་སྟེང་གྲོང་ཚོ་དང་མཉམ་འབྲེལ་བྱས་པར་མཛེས་ལྗོངས་ཁུལ་ལ་ཡོང་འབབ་སྒོར་ཁྲི་272.8བྱུང་བ་དང་། རྡོ་སྟེང་གྲོང་ཚོའི“ཁམ་བུའི་མེ་ཏོག་ཁྲོམ་ར་ཆུང་ཆུང”གིས་ས་གནས་དེ་གའི་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་28ཡོང་བར་ཐད་ཀར་སྐུལ་ཁྲིད་བྱས་ཞིང་། གྲོང་མིས་བཙུགས་པའི་བོད་ཁྱིམ་སྤྲོ་སྐྱིད་ཁང་20ལྷག་ཙམ་བར་མང་དུ་ཕྱིན་ནས་དམངས་སྲོལ་གནས་ཚང་ལ་ལོ་རེར་ཁེ་སྤོགས་སྒོར་ཁྲི་40ལྷག་ཙམ་བྱུང་ཡོད་པ་རེད།

ཁམ་བུའི་མེ་ཏོག་དུས་ཆེན་ནི་ཀ་ལ་གྲོང་ཚོའི་ལོ་གཅིག་དུས་གཅིག་གི་དོན་ཆེན་ཞིག་རེད། ཡུལ་མི་མང་ཆེ་བས་ཁམ་བུའི་མེ་ཏོག་ལྡུམ་རར་ལས་བྲེལ་ཆེན་པོ་བྱེད་ཅིང་། ཁག་གཅིག་གིས་ཚོང་ཟོག་འཚོང་མཁན་དང་། ཁག་གཅིག་གིས་ཡུལ་སྐོར་སྣེ་ཤན་པ། སྤ་སེ་འཚོང་མཁན། གཙང་སྦྲ་བ། འགྲིམ་འགྲུལ་ལམ་སྟོན་པ་བཅས་དང་དེ་བཞིན་ཞབས་ཞུ་འགན་ལེན་གྱི་ལས་ཀ་གཞན་དག་བྱེད་ཀྱི་ཡོད་པ་རེད། ཀ་ལ་གྲོང་ཚོ་ནས་བཞུད་པའི་ཉང་ཆུ་གཙང་པོའི་ངོགས་སུ་ལོ་36ལ་སླེབས་པའི་ཡུལ་མི་ལྷ་མོ་དང་ཡུལ་མི་འགའ་ཞིག་གིས་ཁམ་སྡོང་འཛུགས་པ་དང་། ས་དོང་འདྲུ་བ། མྱུ་གུ་གསོ་བ། ས་སྣོན་རྒྱག་པ་བཅས་བྱེད་བཞིན་ཡོད། “སླད་ཕྱིན་འདི་ག་ཡང་ཁམ་བུའི་མེ་ཏོག་གི་ལྡུམ་རར་གྱུར་ངེས་རེད” ལྷ་མོས་གསར་འགོད་པར“ད་ལོའི་ཁམ་བུའི་མེ་ཏོག་དུས་ཆེན་རིང་གྲོང་ཚོས་ད་དུང་དགེ་རྒན་གདན་དྲངས་ནས་ཡུལ་མི་ཚོར་སྨྱན་སྦྱོར་གསར་པའི་ལག་རྩལ་བསླབས་ཡོད། འདི་ནི་ངས་པར་བརྒྱབ་པའི‘ཁམ་བུའི་མེ་ཏོག་གི་ཏན་ཞིམ་བཟོ་སྟངས’ཀྱི་བརྙན་ཐུང་ཡིན་པ་དང་དེར་མོས་བསྟོད་བྱེད་མཁན་ཁྲི་50ལྷག་ཙམ་ཟིན་འདུག”ཅེས་བརྗོད།

གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྤེན་པས་ངོ་སྤྲོད་བྱས་པར་གཞིགས་ན། “ཁམ་བུའི་མེ་ཏོག་གི་བཞད་ཡུན་ཉིན་20ཡས་མས་ལས་མེད་མོད། འོན་ཀྱང་ཐོན་ལས་འཁོར་འབྲེལ་སྣུར་སྲིང་བྱེད་ཐུབ”གྲོང་ཚོས་ཁེ་ལས་ནང་འདྲེན་བྱས་ནས་ཁམ་བུའི་མེ་ཏོག་གི་བག་ལེབ་དང་ཁམ་བུའི་མེ་ཏོག་གི་བཅུད་སྣུམ་སོགས་ལས་སྣོན་ཞིབ་ཚགས་བྱས་པའི་ཐོན་རྫས་གསར་སྤེལ་བྱས་ཏེ་ཞིང་ལས་ཐོན་རྫས་ཀྱི་ཟུར་བསྣན་རིན་ཐང་སྔར་བས་མཐོ་རུ་བཏང་བ་དང་། དགུན་དུས་སུ་བོད་ཀྱི་ལོ་གསར་གྱི་ཉམས་ལེན་ཡུལ་སྐོར་བྱེད་སྒོ་ཁྱབ་སྤེལ་བཏང་ཞིང་། ན་ནིང་ཟླ་11པ་ནས་ད་ལོའི་ཟླ་3པའི་བར་གྲོང་ཚོས་ས་ཆ་གཞན་གྱི་ཞིབ་འཇུག་སློབ་སྦྱོང་ཚོགས་པ་ཁྱོན་མི་ཐེངས་5000ལྷག་ཙམ་ལ་སྣེ་ལེན་ཞུས་ཡོད།

ཀ་ལ་གྲོང་ཚོས་སྐྱེ་ཁམས་རིན་ཐང་བརྗེ་སྒྱུར་ཐབས་ལམ་འཚོལ་ཞིབ་བྱས་ནས་ཞིང་ལས་ཕྱོགས་བསྡུས་སྒྲིག་གཞི་སོགས་ཀྱི་རྣམ་གྲངས་འཛུགས་སྐྲུན་བྱས་པ་བརྒྱུད། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྒྱུན་ཆད་མེད་པར་སྟོབས་ཆེར་ཕྱིན་པ་དང་ཆབས་ཅིག ཁམ་བུ་འཐོག་ས་དང་པད་ཁའི་མེ་ཏོག་གི་ཉམས་ལེན་རྣམ་གྲངས་རྒྱ་སྐྱེད་དང་འཕེལ་རྒྱས་བཏང་ཡོད།

“སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་ལས་ང་ཚོའི་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་པའི་གདེང་ཚོད་དང་ཆོད་སེམས་ཆེ་རུ་ཕྱིན་སོང” མིག་སྔར། ཀ་ལ་གྲོང་ཚོས་ཐོན་ལས་འཕེལ་རྒྱས་དང་སྐྱེ་ཁམས་སྲུང་སྐྱོང་དུས་གཅིག་ཏུ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། “སླད་ཕྱིན་ང་ཚོས་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་ཀ་ལ་གྲོང་ཚོ་འདི་ཉིད་དེ་བས་མཛེས་སྡུག་ལྡན་པ་ཞིག་ཏུ་འཕེལ་རྒྱས་གཏོང་ངེས་ཡིན”ཞེས་སྤེན་པས་གསར་འགོད་པར་བརྗོད།(《འོད་ཟེར་ཉིན་རེའི་ཚགས་པར》ལས་དྲངས)