2025ལོའི་མཛོད་དགེའི“རྒྱལ་ཁབ་སྤྱི་གླིང་རྟགས་མའི”མཐོ་སྒང་གཟེབ་གྲུག་འགྲན་བསྡུར་གཟབ་རྒྱས་ངང་སྤེལ་འགོ་ཚུགས་པ།

ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ།
སྤེལ་དུས།: ༢༠༢༥ ལོའི་ཟླ་ ༧ ཚེས་ ༢༡

2025ལོའི་མཛོད་དགེའི“རྒྱལ་ཁབ་སྤྱི་གླིང་རྟགས་མའི”མཐོ་སྒང་གཟེབ་གྲུག་གདན་ཞུའི་འགྲན་བསྡུར་སྤྱི་ཟླ་7པའི་ཚེས་20སྤེལ་འགོ་ཚུགས། ཁྲོན་ནུབ་མཐོ་སྒང་དང་བོད་ཤར་སྦས་ཡུལ། ལུང་ཡོན་ས་ཆེན་སོགས་ས་ཁུལ་ནས་ཡོང་ནས་རྫོང་རིམ་པའི་གཟེབ་གྲུག་ལུས་རྩལ་རུ་ཁག་18མཛོད་དགེ་རྫོང་མི་རིགས་ལུས་རྩལ་ཁང་དུ་འཛོམས་ནས།  གཟེབ་གྲུག་བརྒྱུད་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བཞིན་ལུས་རྩལ་འགྲན་བསྡུར་གྱི་སྤྲོ་སེམས་མངོན།

མཛད་སྒོར་འགྲན་ཞུགས་རུ་ཁག་18གྱིས་གངས་རིའི་གཟི་མདངས་དང་རྩྭ་ཐང་གི་དཔའ་ཉམས། རི་ཀླུང་གི་མཛེས་ཉམས་སོགས་ས་ཁོངས་མི་འདྲ་བའི་རིག་གནས་ཀྱི་སྟོབས་ཤུགས་མངོན་བཞིན། མཛོད་དགེ་ས་ཆེན་འདིར་ས་ཁོངས་ལས་བརྒལ་བའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་འགྲན་རྩོད་བྱེད་ཕོད་པའི་སྤོབས་སེམས་ལེགས་པར་མངོན།

འགྲན་ཞུགས་མཛད་སྒོ་སྤེལ་རྗེས་དེར་ཡོད་མི་ཚོགས་ཀུན་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས། ཀུའུ་ཡུན་ཅན་གྱིས་རྒྱང་རིང་ནས་ཡོང་བའི་ལུས་རྩལ་པ་དང་ཤན་འབྱེད་པ། སྐུ་མགྲོན་བཅས་ལ་དགའ་བསུ་ཞུས། ལུས་རྩལ་གྱི་འབྲེལ་ཟམ་དེ་བརྒྱུད་ས་གནས་ཁག་མཉམ་འབྲེལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན། ལུས་རྩལ་པ་དང་ཤན་འབྱེད་པའི་འཐུས་ཚབ་པས་སྒྲིག་ལམ་བརྩི་སྲུང་དང་དྲང་བཞག་གི་བསམ་འདུན་བཅངས་ངེས་པའི་དམ་བཅའ་བཞག གདན་ཞུའི་འགྲན་བསྡུར་འགོ་ཚུགས་པ་ཡོངས་སུ་བསྒྲགས་པ་ན་ཡུལ་དངོས་སུ་ཐལ་མོ་རྡེབ་སྒྲས་ཁེངས། ཕ་ཡུལ་མཛོད་དགེ་དང་གངས་ཅན་པ་ཞེས་པ་སོགས་མི་རིགས་ཀྱི་ཁྱད་ཆོས་འབུར་དུ་དོད་པའི་ངོ་མཚར་གླུ་གར་འཁྲབ་སྟོན་བྱས་ཏེ་ཡུལ་དངོས་སུ་འགྲན་བསྡུར་གྱི་སྤྲོ་བ་འཕེལ།

མགྲོན་བདག་མཛོད་དགེ་རྫོང་གི་འགྲན་ཞུགས་རུ་ཁག་དང་གདན་ཞུའི་རུ་ཁག་གིས་རྩལ་འགྲན་པ་བརྒྱུད་འགྲན་བསྡུར་ཐོག་མ་སྤེལ་འགོ་ཚུགས་པ་དང་། རུ་ཁག་གཉིས་ཀྱི་ལུས་རྩལ་པས་གཟེབ་གྲུག་རྩེ་རྩལ་ངོམ་པར་ལྟད་མོ་བས་དགའ་འབོད་བྱས། དེ་ལས་མཐོ་སྒང་གཟེབ་གྲུག་གི་ཡིད་དབང་འཕྲོག་ཤུགས་ལེགས་པར་མངོན་ཐུབ།

རྒྱུས་ལོན་པ་ལྟར་ན། འགྲན་བསྡུར་དེ་ཉིན་8ལ་སྤེལ་རྒྱུ་རེད། འགྲན་བསྡུར་དེར་མཐོ་སྒང་ས་ཁུལ་གྱི་གཟེབ་གྲུག་རྩེ་མཁན་ལ་རྩལ་ནུས་ངོམ་པའི་གར་སྟེགས་མཁོ་འདོན་བྱས་པ་མ་ཟད། དམངས་ཡོངས་ལུས་སྦྱོང་གི་བྱ་བཞག་གོང་ནས་གོང་དུ་སྤེལ་བ་དང་། ས་ཁུལ་དབར་གྱི་རིག་གནས་སྤེལ་རེས་དང་མི་རིགས་ཁག་གི་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་སྟངས་ཤིག་ཀྱང་རེད། རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་གལ་ཆེན་ཡིན་པའི་ངོས་ནས། མཛོད་དགེ་རྫོང་གིས་རྒྱས་ཚོགས་དེར་བརྟེན་ནས་འཛམ་གླིང་ལ“རྒྱལ་ཁབ་སྤྱི་གླིང་”གི་སྐྱེ་ཁམས་མཛེས་ལྗོངས་དང་། གཏིང་ཟབ་པའི་རིག་གནས། དབྱར་མཚོ་བཞིན་རྒྱས་པའི་ལུས་རྩལ་གྱི་གསོན་ཤུགས་ལེགས་པར་མངོན། ལུས་རྩལ་གྱི་འབྲེལ་ཟམ་བརྒྱུད་མཐོ་སྒང་འཕེལ་རྒྱས་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་འཆར་མཐུན་མཉམ་འཕེལ་གྱི་ལེའུ་གསར་པ་འབྲི་ངེས་རེད།