ཀྲུང་དབྱང་གི་གྲོང་ཁྱེར་བྱ་བའི་གྲོས་ཚོགས་པེ་ཅིན་དུ་འཚོགས་པ་དང་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། ལི་ཆང་གིས་སྤྱི་བསྡོམས་གསུང་བཤད་གནང་། ཀྲའོ་ལེ་ཅི་དང་ཝང་ཧུའུ་ཉིང་། ཚའེ་ཆི། ཏིན་ཞུའེ་ཞང་། ལི་ཞི་བཅས་གྲོས་ཚོགས་ལ་ཞུགས།

ཟླ7པའི་ཚེས14ཉིན་ནས་ཚེས15ཉིན་བར་དུ། ཀྲུང་དབྱང་གི་གྲོང་ཁྱེར་བྱ་བའི་གྲོས་ཚོགས་པེ་ཅིན་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ7པའི་ཚེས14ཉིན་ནས་ཚེས15ཉིན་བར་དུ། ཀྲུང་དབྱང་གི་གྲོང་ཁྱེར་བྱ་བའི་གྲོས་ཚོགས་པེ་ཅིན་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལི་ཆང་དང་ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིན་ཞུའེ་ཞང་། ལི་ཞི་བཅས་གྲོས་ཚོགས་ལ་ཞུགས།
ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ནས་དུས་རབས་གསར་པའི་ཚུན་ལ་རང་རྒྱལ་གྱིས་གྲོང་ཁྱེར་འཕེལ་རྒྱས་ཐད་བླངས་པའི་གྲུབ་འབྲས་སྤྱི་བསྡོམས་གནང་བ་དང་། གྲོང་ཁྱེར་བྱ་བར་འཕྲད་པའི་གནས་བབ་ལ་དབྱེ་ཞིབ་གནང་སྟེ། གྲོང་ཁྱེར་བྱ་བ་ལེགས་པོར་སྒྲུབ་རྒྱུའི་སྤྱིའི་བླང་བྱ་དང་རྩ་དོན་གལ་ཆེན། གཙོ་གནད་ལས་འགན་བཅས་གསལ་པོར་བསྟན། ལི་ཆང་གིས་སྤྱི་བསྡོམས་གསུང་བཤད་གནང་བར་མ་ཟད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་གྲོང་ཁྱེར་གྱི་བྱ་བ་སྔར་བས་ལེགས་པོར་བསྒྲུབ་པའི་ཐད་བཀོད་སྒྲིག་ཞིབ་ཕྲ་གནང་།
གྲོས་ཚོགས་ལས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་དུ། ཏང་ཀྲུང་དབྱང་གིས་གནས་བབ་གསར་པའི་འོག་ཏུ། རང་རྒྱལ་གྱི་གྲོང་ཁྱེར་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་སྟངས་འཛིན་ལེགས་པོ་བྱས་ནས། ཏང་གིས་གྲོང་ཁྱེར་བྱ་བ་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་པ་རྒྱུན་འཁྱོངས་དང་། མི་དམངས་ཀྱི་གྲོང་ཁྱེར་མི་དམངས་ཀྱིས་འཛུགས་སྐྲུན་བྱེད་པ། མི་དམངས་ཀྱི་གྲོང་ཁྱེར་མི་དམངས་ཀྱི་ཆེད་དུ་ཡིན་པའི་བྱེད་ཕྱོགས་རྒྱུན་འཁྱོངས། གྲོང་ཁྱེར་དེ་སྐྱེ་ལྡན་ཚེ་སྲོག་མ་ལག་ཏུ་བརྩིས་ནས་ཇུས་འགོད་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། གྲོང་ཁྱེར་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་ནས། རང་རྒྱལ་གྱི་རྣམ་པ་གསར་པའི་མཁར་གྲོང་ཅན་གྱི་ཆུ་ཚད་དང་གྲོང་ཁྱེར་འཕེལ་རྒྱས་ཀྱི་ནུས་རིམ། འཆར་འགོད་འཛུགས་སྐྲུན་གྱི་བཅོས་སྐྱོང་ཆུ་ཚད། ལས་རིགས་དང་སྡོད་གནས་ལ་འཚམ་པའི་ཆུ་ཚད། ལོ་རྒྱུས་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་ཆུ་ཚད། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་བཅས་ཇེ་མཐོར་ཕྱིན་ཡོད།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། དེང་སྐབས་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་རིང་གི་གྲོང་ཁྱེར་བྱ་བའི་སྤྱིའི་བླང་བྱ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གྲོང་ཁྱེར་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ། ཏང་གི་ཁྱོན་ཡོངས་ཀྱི་མགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་བསྣན་ནས། མི་དམངས་ཀྱི་གྲོང་ཁྱེར་འདུ་ཤེས་ལག་བསྟར་ནན་མོ་བྱེད་པ། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་དང་། ཡུལ་བབ་དང་བསྟུན་པ་དང་རིགས་དབྱེ་མཛུབ་སྟོན་རྒྱུན་འཁྱོངས་བྱེད་པ། གསར་གཏོད་དང་སྡོད་གནས་སུ་འཚམ་པ། མཛེས་སྡུག་ལྡན་པ། མཉེན་ཆ་ལྡན་པ། ཤེས་རིག་དང་རིག་ནུས་བཅས་ཀྱི་དེང་རབས་ཅན་གྱི་མི་དམངས་གྲོང་ཁྱེར་འཛུགས་སྐྲུན་བྱ་རྒྱུ་དམིགས་ཡུལ་དུ་བཟུང་སྟེ། གྲོང་ཁྱེར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བརྗོད་བྱ་གཙོ་བོར་འཛིན་རྒྱུ་དང་། གྲོང་ཁྱེར་གྱི་ནང་སྙིང་ཅན་འཕེལ་རྒྱས་གཏོང་རྒྱུ་གཙོ་གནད་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ། གྲོང་ཁྱེར་གསར་སྒྱུར་ལ་སྐུལ་འདེད་གཏོང་རྒྱུ་གཞི་འཛིན་ས་གལ་ཆེན་ཏུ་བརྩི་བ་བཅས་བྱས་ནས། གྲོང་ཁྱེར་གྱི་གྲུབ་ཚུལ་ལེགས་སྒྱུར་དང་སྒུལ་ནུས་བརྗེ་སྒྱུར། སྤུས་ཚད་མཐོར་འདེགས། ལྗང་མདོག་ཚུལ་སྒྱུར། རིག་གནས་རྩ་བ་རྒྱུན་འཛིན། བཅོས་སྐྱོང་ཕན་འབྲས་ཆེར་གཏོང་བཅས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས། གྲོང་ཁྱེར་གྱི་བདེ་འཇགས་མཐའ་ཚད་བརྟན་པོ་བསྲུང་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་གྲོང་ཁྱེར་དེང་རབས་ཅན་གྱི་ལམ་ཁ་གསར་པ་བསྐྲུན་དགོས།
གྲོས་ཚོགས་ལས་བསྟན་དོན། རང་རྒྱལ་གྱི་མཁར་གྲོང་ཅན་མགྱོགས་མྱུར་ངང་འཕེལ་བ་ནས་བརྟན་པོར་འཕེལ་བའི་དུས་སྐབས་སུ་འགྱུར་བཞིན་ཡོད་ལ། གྲོང་ཁྱེར་འཕེལ་རྒྱས་དེ་གཞི་ཁྱོན་ཆེ་བའི་འཕར་ཚད་རྒྱ་སྐྱེད་ཀྱི་དུས་སྐབས་ནས་གྲངས་གསོག་སྤུས་འདེགས་དང་ཕན་འབྲས་ཆེར་གཏོང་གཙོ་བོར་བྱེད་པའི་དུས་མཚམས་སུ་འགྱུར་བཞིན་ཡོད། གྲོང་ཁྱེར་གྱི་བྱ་བར་དུས་བབ་འགྱུར་ལྡོག་དམ་འཛིན་གཏིང་ཟབ་དང་རང་འགུལ་ངང་འཚམ་པར་བྱས་ཏེ། གྲོང་ཁྱེར་འཕེལ་རྒྱས་ཀྱི་འདུ་ཤེས་བསྒྱུར་ནས་མི་རྩ་བར་འཛིན་རྒྱུར་སྔར་ལས་དོ་སྣང་བྱེད་དགོས། གྲོང་ཁྱེར་འཕེལ་རྒྱས་གཏོང་སྟངས་ལ་འགྱུར་ལྡོག་བཏང་ནས་ལེགས་བསྡུས་ཞིབ་གཉེར་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་སྔར་ལས་དོ་སྣང་བྱེད་པ་དང་། གྲོང་ཁྱེར་འཕེལ་རྒྱས་ཀྱི་སྒུལ་ཤུགས་བསྒྱུར་ནས་ཁྱད་ལྡན་འཕེལ་རྒྱས་ལ་སྔར་ལས་དོ་སྣང་བྱེད་དགོས། གྲོང་ཁྱེར་གྱི་བྱ་བའི་སྲོག་ཤིང་ལ་འགྱུར་ལྡོག་བཏང་ནས་བཅོས་སྐྱོང་ཐད་མ་དངུལ་གཏོང་རྒྱུར་སྔར་ལས་དོ་སྣང་བྱེད་པ་དང་། གྲོང་ཁྱེར་གྱི་བྱ་བའི་བྱེད་ཐབས་བསྒྱུར་ནས་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱ་རྒྱུར་སྔར་ལས་དོ་སྣང་བྱེད་དགོས།
གྲོས་ཚོགས་སྟེང་གྲོང་ཁྱེར་བྱ་བར་ཕྱོགས་བདུན་ཐད་ཀྱི་ལས་འགན་གཙོ་བོ་བཀོད་སྒྲིག་བྱས། གཅིག་ནི་དེང་རབས་ཅན་གྱི་གྲོང་ཁྱེར་མ་ལག་ནུས་ཤུགས་ཡོད་རྒུས་ཇེ་ལེགས་སུ་གཏོང་དགོས། མི་འབོར་དང་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་འཕེལ་བའི་གྲོང་ཁྱེར་གྱི་ཕྱོགས་བསྡུས་ཐེག་ནུས་ཆེ་རུ་གཏོང་བར་དམིགས་ཏེ། ཚོགས་སྒྲིག་རྣམ་པ་དང་དྲ་མིག་ཅན་གྱི་དེང་རབས་ཅན་གྱི་གྲོང་ཁྱེར་ཚོམས་དང་གྲོང་ཁྱེར་མུ་ཁྱུད་འཕེལ་རྒྱས་གཏོང་བ་དང་། རྫོང་གཞི་རྟེན་གཙོ་བོར་བྱས་པའི་མཁར་གྲོང་ཅན་འཛུགས་སྐྲུན་ལ་རིགས་དབྱེ་སྐུལ་འདེད་བཏང་ནས། ཞིང་ལས་ཀྱི་སྤོ་སྒྱུར་མི་འབོར་གྲོང་ཁྱེར་གྱི་གྲོང་མིར་འགྱུར་བར་མུ་མཐུད་སྐུལ་འདེད་བཏང་སྟེ། གྲོང་ཁྱེར་ཆེ་འབྲིང་ཆུང་གསུམ་དང་མཁར་གྲོང་ཆུང་གྲས་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་སྒོས་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། གཉིས་ནི་གསོན་ཤུགས་ལྡན་པའི་གསར་གཏོད་གྲོང་ཁྱེར་འཛུགས་སྐྲུན་བྱ་རྒྱུར་ཤུགས་སྣོན་དགོས། སྐྱེ་ཁམས་སྐྱེད་སྲིང་དང་གསར་གཏོད་ཞིབ་ཚགས་བྱས་ཏེ་ཐོན་སྐྱེད་ནུས་ཤུགས་གསར་པ་འཕེལ་རྒྱས་གཏོང་བའི་ཐད་རྒྱུན་ཆད་མེད་པར་ཐོལ་བརྒལ་ཡོང་བར་བྱེད་པ། བཅོས་བསྒྱུར་སྒོ་འབྱེད་ལ་བརྟེན་ནས་གྲོང་ཁྱེར་གྱི་འགུལ་ནུས་ཆེ་རུ་གཏོང་བ་དང་། སྤུས་ཚད་མཐོ་བའི་སྒོ་ནས་གྲོང་ཁྱེར་གསར་སྒྱུར་བྱས་ཏེ། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་སྐྱོད་གཉིས་ཀྱི་ཁྲོད་ཀྱི་གྲོང་ཁྱེར་གྱི་འགག་རྩའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། གསུམ་ནི་ནུས་ཤུགས་ཡོད་རྒུས་བདེ་སྡོད་སྟབས་བདེ་ཡི་གནས་སྡོད་དང་འཚམ་པའི་གྲོང་ཁྱེར་འཛུགས་སྐྲུན་བྱེད་དགོས། མི་འབོར་དང་ཐོན་ལས། གྲོང་ཁྱེར་དང་མཁར་གྲོང་། འགྲིམ་འགྲུལ་བཅས་གཞི་གཅིག་ཏུ་འགྱུར་བའི་འཆར་འགོད་རྒྱུན་འཁྱོངས་དང་། གྲོང་ཁྱེར་གྱི་བར་སྟོང་གྲུབ་ཚུལ་ལེགས་འགྱུར་བྱེད་དགོས། ཁང་སའི་ཐོན་ལས་འཕེལ་རྒྱས་གཏོང་སྟངས་གསར་པ་གང་མགྱོགས་འཛུགས་པ་དང་། གྲོང་ཁྱེར་ནང་གི་གྲོང་ཚོ་དང་ཁང་པ་ཉེན་ཁ་ཅན་དང་རྙིང་པ་བསྒྱུར་བཀོད་བྱེད་པར་གོམ་སྟབས་བརྟན་པོའི་ངང་སྐུལ་འདེད་གཏོང་དགོས། འཚོ་བའི་རང་བཞིན་གྱི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། སྤྱི་པའི་ཞབས་ཞུའི་ཆུ་ཚད་ཇེ་མཐོར་གཏོང་བ། དམངས་འཚོའི་གཞི་ཐིག་དམ་པོར་སྲུང་དགོས། བཞི་ནི་ལྗང་མདོག་ཐཱན་ཉུང་གི་མཛེས་སྡུག་ལྡན་པའི་གྲོང་ཁྱེར་འཛུགས་སྐྲུན་བྱ་རྒྱུར་ཤུགས་སྣོན་དགོས། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་གི་ཕན་འབྲས་སྲ་བརྟན་དུ་བཏང་ནས། སྔར་ལས་ཕན་ནུས་ལྡན་པའི་བྱེད་ཐབས་སྤྱད་དེ་གྲོང་ཁྱེར་གྱི་མཁའ་རླུང་བཅོས་སྐྱོང་དང་འཐུང་ཆུའི་ཆུ་མགོ་སྲུང་སྐྱོབ། སྦགས་བཙོག་དངོས་པོ་གསར་པ་བཅོས་སྐྱོང་སོགས་ཐད་ཀྱི་གནད་དོན་ཐག་གཅོད་བྱས་ནས། སྦགས་བཙོག་དང་ཐཱན་ཉུང་གཏོང་། ལྗང་མདོག་རྒྱ་སྐྱེད་བཅས་ཀྱི་མཐུན་སྦྱོར་ཕན་འབྲས་ཆེ་རུ་གཏོང་བར་སྐུལ་འདེད་བཏང་སྟེ། གྲོང་ཁྱེར་གྱི་སྐྱེ་དངོས་སྣ་མང་རང་བཞིན་མཐོ་རུ་གཏོང་དགོས། ལྔ་ནི་བདེ་འཇགས་ཡིན་ལ་བློ་གཏད་ཆོག་པའི་སྲ་བརྟན་གྲོང་ཁྱེར་འཛུགས་སྐྲུན་བྱ་རྒྱུར་ཤུགས་སྣོན་དགོས། གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་ཆས་སྲོག་རྩ་བདེ་འཇགས་བཟོ་སྐྲུན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། གློག་སྐུད་དང་སྦུག་སྐུད་རྙིང་པ་བསྒྱུར་བཀོད་རིམ་སྤོར་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ། ཐོད་བརྒལ་མཐོ་རིམ་བཟོ་སྐྲུན་ལ་ཚོད་འཛིན་ནན་མོ་བྱས་ནས་ཁང་པའི་བདེ་འཇགས་འགན་སྲུང་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ། གྲོང་ཁྱེར་གྱི་རང་བྱུང་གནོད་འཚེ་འགོག་བཅོས་བྱེད་ཤུགས་ཆེ་རུ་བཏང་ནས། གྲོང་ཁྱེར་གྱི་ཆུ་ལོག་འགོག་པའི་མ་ལག་དང་ནང་ཞན་བཅོས་སྐྱོང་གཅིག་གྱུར་འཆར་འགོད་བྱེད་པ། སྤྱི་ཚོགས་བདེ་འཇགས་ཀྱི་སྤྱི་ཡོངས་སྔོན་འགོག་ཚོད་འཛིན་ལ་ཤུགས་བསྣན་ནས། གྲོང་ཁྱེར་གྱི་སྤྱི་བའི་བདེ་འཇགས་སྲུང་སྐྱོང་ཏན་ཏིག་བྱེད་དགོས། དྲུག་ནི་བཟང་བཀུར་དགེ་ཕྱོགས་ཀྱི་དཔལ་ཡོན་གྲོང་ཁྱེར་འཛུགས་སྐྲུན་བྱ་རྒྱུར་ཤུགས་སྣོན་དགོས། ལོ་རྒྱུས་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་མ་ལག་འཐུས་ཚང་དུ་གཏོང་བ་དང་། གྲོང་ཁྱེར་རྣམ་པའི་དོ་དམ་ལམ་ལུགས་འཐུས་ཚང་དུ་བཏང་ནས། གྲོང་ཁྱེར་གྱི་ཐུན་མོང་མ་ཡིན་པའི་ལོ་རྒྱུས་རིག་གནས་ཀྱི་འབྱུང་རྩ་དང་མི་ཆོས་ས་ཁམས། རང་བྱུང་མཛེས་ལྗོངས་བཅས་སྲུང་སྐྱོབ་བྱེད་དགོས། གྲོང་ཁྱེར་གྱི་རིག་གནས་མཉེན་པའི་སྟོབས་ཤུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་གྲོང་མིའི་དཔལ་ཡོན་བྱང་ཚད་མཐོ་རུ་གཏོང་དགོས། བདུན་ནི་སྟབས་བདེ་ཞིང་ལས་ཆོད་ཆེ་བའི་བློ་རིག་གྲོང་ཁྱེར་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་དགོས། ཏང་འཛུགས་སྐྱོང་གི་ཁྲིད་སྟོན་རྒྱུན་འཁྱོངས་བྱས་ནས་ཁྲིམས་ལྟར་གྲོང་ཁྱེར་སྐྱོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། གྲོང་ཁྱེར་བཅོས་སྐྱོང་གི་འདུ་ཤེས་དང་རྣམ་པ། བྱེད་ཐབས་བཅས་གསར་གཏོད་བྱས་ནས། གྲོང་མིའི་ཞབས་ཞུའི་ཐད་སྦྲེལ་ཁ་པར་སོགས་ཀྱི་ལམ་སྲོལ་ལེགས་པོ་སྤྱད་དེ། ཕན་འབྲས་མཐོ་བའི་སྒོ་ནས་མང་ཚོགས་ཀྱི་བྲེལ་དཀའ་འཕྲལ་སྒུག་གི་གནད་དོན་ཐག་གཅོད་བྱེད་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། དེང་རབས་ཅན་གྱི་མི་དམངས་གྲོང་ཁྱེར་འཛུགས་སྐྲུན་བྱེད་པར་ངེས་པར་དུ་ཏང་གི་གྲོང་ཁྱེར་བྱ་བའི་ཁྱོན་ཡོངས་མགོ་ཁྲིད་ཐད་ཤུགས་སྣོན་དགོས་ཤིང་། མགོ་ཁྲིད་སྒྲིག་སྲོལ་དང་བྱ་བའི་ལམ་སྲོལ་སྔར་ལས་འཐུས་ཚང་དུ་བཏང་ནས། གྲོང་ཁྱེར་གྱི་སྲིད་ཇུས་མཐུན་སྦྱོར་རང་བཞིན་ཇེ་དྲག་ཏུ་བཏང་སྟེ། ཕྱོགས་སོ་སོའི་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་དགོས། སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་ཡང་དག་པ་འཛུགས་པ་དང་ལག་བསྟར་བྱས་ནས། ཚན་རིག་དང་མཐུན་པའི་གྲོང་ཁྱེར་འཕེལ་རྒྱས་གཏོང་བའི་གདེང་འཇོག་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། གྲོང་ཁྱེར་གྱི་བྱ་བའི་དཔུང་སྡེ་ཡི་བྱང་ཚད་དང་ནུས་པ་ཆེ་རུ་གཏོང་བར་ཤུགས་བསྣན་ནས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ལས་སྒྲུབ་ལས་སྐྲུན་དང་འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་འཇོག་པར་སྐུལ་མ་གཏོང་དགོས། དངོས་ཐོག་བདེན་འཚོལ་དང་བདེན་འཚོལ་དོན་གཉེར་རྒྱུན་འཁྱོངས་བྱས་ཏེ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་དགོས།
གྲོས་ཚོགས་ལས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་གྲོང་ཁྱེར་འཕེལ་རྒྱས་གཏོང་བ་དེ་སུའི་ཆེད་དུ་ཡིན་པ་དང་སུ་ལ་བརྟེན་དགོས་པ། དེ་མིན་གྲོང་ཁྱེར་གང་འདྲ་ཞིག་འཛུགས་སྐྲུན་བྱེད་དགོས་པ་དང་། གྲོང་ཁྱེར་འཛུགས་སྐྲུན་ཇི་ལྟར་བྱེད་དགོས་པ་སོགས་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ལ་ཚན་རིག་དང་མཐུན་པའི་སྒོ་ནས་ལན་བཏབ་ནས། དུས་རབས་གསར་བ་དང་བགྲོདལམ་གསར་བའི་གྲོང་ཁྱེར་བྱ་བ་ལེགས་པར་སྒྲུབ་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཏེ། སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ་དང་ཆད་ལུས་མེད་པར་དོན་འཁྱོལ་དམ་འཛིན་བྱས་ནས། རང་རྒྱལ་གྱི་གྲོང་ཁྱེར་འཕེལ་རྒྱས་གནས་སའི་ལོ་རྒྱུས་ཀྱི་གནས་ཕྱོགས་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ནས། དེ་ལས་ཡངས་པའི་མིག་རྒྱང་གིས་གྲོང་ཁྱེར་གྱི་བྱ་བ་ལེགས་པོ་སྒྲུབ་པ། དེང་རབས་ཅན་གྱི་མི་དམངས་གྲོང་ཁྱེར་འཛུགས་སྐྲུན་བྱེད་པའི་དམིགས་འབེན་གནས་འཁེལ་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ཏེ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རང་རྟོགས་སྒོས་ལག་ཏུ་བསྟར་བ་དང་། གྲོང་ཁྱེར་གྱི་ནང་གནས་རྣམ་པའི་འཕེལ་རྒྱས་ཀྱི་འཐབ་ཇུས་ཁ་ཕྱོགས་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ནས། དམིགས་གཏད་རང་བཞིན་ལྡན་པའི་སྒོ་ནས་གྲོང་ཁྱེར་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་དང་། གྲོང་ཁྱེར་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་ཆེ་རུ་གཏོང་བའི་ནང་གནས་བླང་བྱར་སྟངས་འཛིན་ལེགས་པོ་བྱས་ནས། བཅོས་བསྒྱུར་གསར་གཏོད་ཀྱི་དོན་ཆེན་ལེགས་པོ་སྒྲུབ་པ་དང་། གྲོང་ཁྱེར་བྱ་བའི་མ་ལག་རང་བཞིན་དང་རྙོག་འཛིང་རང་བཞིན་ལ་སྟངས་འཛིན་ལེགས་པོ་བྱས་ནས། ལས་འགན་ཁག་བཀོད་སྒྲིག་དོན་འཁྱོལ་བྱེད་པའི་ནུས་པ་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་དགོས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཨུ་ཡོན་ནམ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་མགོ་ཁྲིད་བློ་མཐུན། རྒྱལ་སྲིད་ཨུ་ཡོན། ཆེས་མཐོ་མི་དམངས་ཁྲིམས་ཁང་གི་མགོ་གཙོ། ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་མགོ་གཙོ། རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་མགོ་ཁྲིད་བློ་མཐུན་སོགས་གྲོས་ཚོགས་ལ་ཞུགས།
ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་བཅས་ཀྱི་ཏང་སྲིད་འགན་འཁུར་བློ་མཐུན་གཙོ་བོ་དང་གྲོང་ཁྱེར་ལས་བགོས་འགན་གཉེར་བྱ་བའི་འགན་འཁུར་བློ་མཐུན། འཆར་གཞི་ལོགས་བཀོད་གྲོང་ཁྱེར་དང་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར། འབྲེལ་ཡོད་ས་ཁུལ་རིམ་པའི་གྲོང་ཁྱེར་བཅས་ཀྱི་ཏང་ཨུའི་འགན་འཁུར་བློ་མཐུན་གཙོ་བོ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་འབྲེལ་ཡོད་མི་དམངས་ཚོགས་པ། ཀྲུང་དབྱང་གིས་དོ་དམ་བྱེད་ཀྱིན་པའི་དངུལ་རྩའི་ལས་ཁུངས་དང་ཁེ་ལས། མཐོ་རིམ་སློབ་གྲྭ་བཅས་ཁག་གཅིག་དང་། ཀྲུང་དབྱང་དམག་ཨུའི་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ་སོགས་གྲོས་ཚོགས་ལ་ཞུགས། །