གཅིག་བསྡུས་བཅར་འདྲིའི་བྱེད་སྒོ་འདི་ལྷ་ས་ནས་སྤེལ་འགོ་ཚུགས་འདུག

སྤྱི་ཟླ་7ཚེས་15ཉིན། “འོད་ཟེར་སྟོང་ལྡན་གྱི་ལོ་ངོ་དྲུག་ཅུ། ཡིད་དབང་འགུག་པའི་བོད་ལྗོངས་གསར་པ”ཞེས་པའི་གཅིག་བསྡུས་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པའི་མཛད་སྒོ་དེ་བོད་ལྗོངས་ལྷ་སར་གཉེར་ཡོད། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུས་ཀྲུང་དབྱང་གི་སྨྱན་སྦྱོར་གཙོ་བོ་དང་ཞིང་ཆེན་དང་གྲོང་ཁྱེར་ཁག་གཅིག་གི་སྨྱན་སྦྱོར་ཚན་པ་ཁྱོན་30ཡི་གསར་འགོད་པ་བརྒྱ་ཙམ་སྒྲིག་འཛུགས་བྱས་ཏེ། ལམ་ཐིག་3ལ་བགོས་ནས་བོད་ལྗོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་7དུ་བཅར་འདྲི་དང་གནས་ཚུལ་འགོད་སྤེལ་བྱེད་པར་བསྐྱོད་ཡོད།
ད་ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བའི་ལོ་ཡིན། བོད་ལྗོངས་ཀྱིས“དོན་ཆེན་བཞིར”དམ་འཛིན་ཡག་པོ་བྱེད་པ་དང“གསར་གཏོད་བཞི”དང“མདུན་གྲལ་དུ་སྐྱོད་པ་བཞི”ལ་སྐུལ་འདེད་གཏོང་བར་དམིགས་ཏེ། བཅར་འདྲི་ཚོགས་པས་འབྲེལ་ཡོད་འཕེལ་རིམ་དང་ཕན་འབྲས་འབུར་ཐོན་བྱ་རྒྱུ་གཙོ་གནད་དུ་བྱས་ཏེ། ཡུལ་ལྗོངས་ཧྲིལ་པོ་དང་ལྟ་ཕྱོགས་མང་པོའི་ཐོག་ནས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ཚུན་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཐོབ་པའི་འོད་སྟོང་འབར་བའི་གྲུབ་འབྲས་དང་རྣམ་པ་གསར་རྐྱང་མངོན་པར་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་རོགས་སྐྱོར། བོད་ལྗོངས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་འབད་འཐབ་ཧུར་ཐག་བྱེད་པ་བཅས་ཀྱི་གཏམ་རྒྱུད་ཇི་མ་ཇི་བཞིན་གསོན་ཉམས་ལྡན་པའི་ངང་བརྗོད་དེ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་བོད་ལྗོངས་ཀྱི་ལེའུ་གསར་པ་རྩོམ་པའི་གསོན་ཉམས་ལྡན་པའི་ལག་ལེན་ཕྱོགས་ཡོངས་ནས་མངོན་པར་བྱ་རྒྱུ་རེད།