ལྷ་སའི་གཡུ་ཐོག་ལམ་གྱི་མཚན་ཁྲོམ་སྒོ་ཕྱེ་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
སྤེལ་དུས།: ༢༠༢༥ ལོའི་ཟླ་ ༧ ཚེས་ ༡༧

སྤྱི་ཟླ་7ཚེས་15ཉིན་གྱི་དགོང་མོ་ལྷ་སའི་རིག་གནས་ཡུལ་སྐོར་གྱི་མཚོན་རྟགས་གསར་པ་སྟེ། ལྷ་སའི་གཡུ་ཐོག་ལམ་གྱི་མཚན་ཁྲོམ་དངོས་སུ་སྒོ་ཕྱེ་ཡོད་པ་རེད།

ཁྱོན་རིང་ཚད་ལ་སྨི་920ཡོད་པའི་རྐང་ཐང་ཁྲོམ་གཞུང་དེའི་ཐོག་དར་སོ་ཆེ་ལ་སྐྱིད་ཉམས་དོད་ཅེས་པ་བརྗོད་དོན་གཙོ་བོར་བྱས་ནས་སྲོལ་རྒྱུན་དང་དར་སོའི་རིག་གནས་མཉམ་དུ་འདྲེས་པའི་མཚན་མོའི་དགའ་སྟོན་གཟབ་རྒྱས་ཤིག་གྲོང་མི་དང་ཡུལ་སྐོར་བའི་མིག་ལམ་དུ་བཤམས་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་གྲོང་ཁྱེར་གྱིས་ལྷ་སའི་གཡུ་ཐོག་ལམ་གྱི་ལོ་རྒྱུས་རིན་ཐང་དང་ས་བབ་ཀྱི་ལེགས་ཆ་སྔོག་འདོན་གང་ལེགས་བྱས་ཏེ། མཚན་མོའི་དཔལ་འབྱོར་གྱི་འཛད་སྤྱོད་བྱེད་སའི་ཁྱད་ལྡན་ཁྲོམ་བཀྱག་168བཀོད་སྒྲིག་བྱས་ནས་བོད་ལྗོངས་ཀྱི་སྤུས་ལེགས་དངོས་ཟོག་དང་། ཁྱད་ལྡན་བཟའ་བཏུང་། བོད་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་དངོས། རིག་གནས་བློ་གསར་གྱི་ཁྱད་ལྡན་ཐོན་རྫས། ཁྱད་ལྡན་བསྲེགས་ཟས། ས་མཐོའི་སྦི་རག་སོགས་ཟ་འཐུང་དང་རོལ་རྩེད་བྱེད་ས་བཙུགས་ཏེ། རྒྱ་ཆེའི་གྲོང་མི་དང་ཡུལ་སྐོར་བའི་སྣ་མང་འཛད་སྤྱོད་ཀྱི་དགོས་མཁོ་ཕྱོགས་ཡོངས་ནས་བསྐངས་ཡོད།

ངོ་སྤྲོད་བྱས་པར་གཞིགས་ན། ལྷ་སའི་མཚན་ཁྲོམ་དེ་སྤྱི་ཟླ་7ཚེས་15ནས་སྤྱི་ཟླ་10ཚེས་31བར་གཉེར་རྒྱུ་ཡིན་ཞིང་རྒྱུན་རྣམ་ཅན་གྱི་གཉེར་སྐྱོང་དུས་ཚོད་ནི་སྔ་དྲོའི་ཆུ་ཚོད་10:00ནས་མཚན་མོའི་ཆུ་ཚོད་24:00བར་ཡིན་པ་དང་མངོན་མིན་རིག་གནས་ཤུལ་བཞག་གི་འཁྲབ་སྟོན་ནི་རེས་གཟའ་པ་སངས་དང་རེས་གཟའ་སྤེན་པའི་དགོང་མོའི་ཆུ་ཚོད་20:30ནས་ཆུ་ཚོད་21:30བར་ཡིན་པ་རེད།

དེ་བཞིན་ལྷ་ས་གྲོང་ཁྱེར་གྱིས་ལམ་ཐིག་8ཀྱི་སྤྱི་སྤྱོད་རླངས་འཁོར་གྱིས་རིན་མེད་ཐོག་དགོང་མོའི་ཆུ་ཚོད་8:00ནས་ཆུ་ཚོད་00:00བར་འགྲུལ་སྐྱེལ་དུས་ཚོད་རིང་དུ་བཏང་ནས་གྲོང་མི་དང་ཡུལ་སྐོར་བར་ཞབས་ཞུ་བསྒྲུབ་པ་སོགས་ཕྱོགས་གང་ས་ཅི་ཐད་ནས་ལྷ་སའི་མཚན་མོའི་དཔལ་འབྱོར་ལ་གསོན་ཤུགས་གསར་པ་བསྣན་པ་མ་ཟད་ལོ་ངོ་སྟོང་གི་གནའ་གྲོང་ལའང་ཡིད་དབང་འཕྲོག་ཤུགས་གསར་པ་བསྣན་ཡོད་པ་རེད།