༢༠༢༥ལོའི་ཁམས་པའི་བརྙན་འཕྲིན་ཁང་གི་གློག་བརྙན་སྒྱུར་སྐྲུན་ལག་རྩལ་སྤེལ་རེས་ཀྱི་བྱེད་སྒོ་འགོ་ཚུགས།

ཟླ་བདུན་པའི་ཚེས་བཅོ་ལྔ་ཉིན། ༢༠༢༥ལོའི་ཁམས་པའི་བརྙན་འཕྲིན་ཁང་གི་གློག་བརྙན་སྒྱུར་སྐྲུན་ལག་རྩལ་སྐོར་གྱི་སྤེལ་རེས་བྱེད་སྒོ་སི་ཁྲོན་རླུང་འཕྲིན་བརྙན་འཕྲིན་ཁང་དུ་གཟབ་རྒྱས་ངང་འཚོགས་ཤིང་། ཆེད་ལས་མི་སྣ་མང་པོ་གདན་གཅིག་ཏུ་འཛོམས་ནས་སྒྱུར་སྐྲུན་ལག་རྩལ་འཕེལ་རྒྱས་ཐད་བགྲོ་གླེང་གནང་བ་རེད།
བྱེད་སྒོའི་ཐོག་ཀྲུང་གོའི་གློག་བརྙན་ཚོགས་པའི་སྒྱུར་སྐྲུན་ལྟེ་གནས་ཀྱི་འཁྲབ་ཁྲིད་པ་དང་ཀྲུང་གོའི་གློག་བརྙན་སྒྱུར་སྐྲུན་ལྟེ་གནས་ཀྱི་སྒྲ་ལེན་མཁན། ཁམས་པའི་བརྙན་འཕྲིན་ཁང་གི་གློག་བརྙན་བརྙན་འཕྲིན་སྒྱུར་སྐྲུན་ཆེད་མཁས་མཛོད་ཀྱི་ཆེད་མཁས་པ་སོགས་ཆེད་ལས་མི་སྣ་མང་པོས། མི་རིགས་སྐད་ཡིག་སྒྱུར་སྐྲུན་དང་དོ་དམ་འགྲོ་ལུགས་སྐོར་ནས་གསལ་བཤད་ཞིབ་ཕྲ་གནང་ཞིང་། མི་རིགས་སྐད་ཡིག་སྒྱུར་སྐྲུན་གྱི་སྒྲ་ལེན་བཟོ་སྐྲུན་གྱི་བྱེད་ཐབས་གསལ་འགྲེལ་བྱས་ཏེ། སྒྱུར་སྐྲུན་ལས་ཀར་འཇུག་བཞིན་པའི་མི་རྣམས་ལ་གོ་རྟོགས་སད་བཅུག་པ་དང་། སྒྱུར་སྐྲུན་ལས་ཀའི་འཆར་འགོད་དང་མཐུན་སྦྱོར་ལ་སྔར་ལས་ལྷག་པའི་ངེས་ཤེས་དང་ཆེད་ལས་ཀྱི་འདུ་ཤེས་བསྐྱེད་པ་རེད།
ཐེངས་འདིའི་བྱེད་སྒོ་ཉིན་དྲུག་རིང་འཚོག་རྒྱུ་ཡིན་ལ། བྱེད་སྒོ་འཚོག་རིང་ལ་ཆེད་མཁས་པའི་གཞུང་ལུགས་སློབ་ཁྲིད་དང་། ཡུལ་དངོས་ཀྱི་ལག་ལེན་དམར་ཁྲིད། དེ་མིན་སྤུས་ལེགས་ཚབ་མཚོན་བརྩམས་ཆོས་དབྱེ་ཞིབ་དང་སློབ་སྦྱོང་སོགས་བཞུགས་མོལ་ཚོགས་འདུ་མང་པོ་བཀོད་སྒྲིག་བྱས་འདུག མི་རིགས་སྐད་ཡིག་སྒྱུར་སྐྲུན་གྱི་འཕེལ་རྒྱས་ལམ་བུ་འཚོལ་སྙེག་དང་། བརྩམས་ཆོས་བསྐྱར་ཞིབ་དང་དེའི་ཁྲོད་ཀྱི་གནད་དོན་གསེད་འགྲེལ་བྱས་ཏེ། སྒྱུར་སྐྲུན་སྤུས་ཀ་མཐོར་འདེགས་གཏོང་བར་ཉམས་མྱོང་རྩ་ཆེན་གསོག་རྒྱུ་རེད།