དཔལ་སྐྱིད་གྲོང་རྡལ་གྱིས“བདེ་འཇགས་ཐོན་སྐྱེད་ཟླ་བ”ཞོད་དུས་ཀྱི་བདེ་འཇགས་ཤེས་བྱ་སློབ་གྲྭར་བསྒྲགས་པའི་བྱེད་སྒོ་སྤེལ།

ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ།
སྤེལ་དུས།: ༢༠༢༥ ལོའི་ཟླ་ ༦ ཚེས་ ༢༤

དགེ་སློབ་རྣམས་ཀྱི་གནོད་འགོག་ཉེན་གཡོལ་གྱི་འདུ་ཤེས་ལེགས་པོ་བསྐྱེད་དེ་མཁོ་བསྟུན་རང་སྐྱོབ་ཀྱི་ནུས་པ་ཆེ་རུ་གཏོང་ཆེད། ཉེ་ཆར་དཔལ་སྐྱིད་གྲོང་རྡལ་བདེ་འཇགས་གཞུང་དོན་ཁང་དང་སྐྱ་རེངས་སྒྲོག་འགྲེལ་ཚོ་ཆུང་དཔལ་སྐྱིད་གྲོང་རྡལ་ལྟེ་བའི་སློབ་གྲྭར་བསྐྱོད་དེ་ས་གཤིས་གནོད་འཚེ་འགོག་སྲུང་ཤེས་བྱ་བསྒྲགས། དེ་མིན་འགྲིམ་འགྲུལ་བདེ་འཇགས་དང་ཟས་རིགས་བདེ་འཇགས། ཆུར་ནུབ་པ་སྔོན་འགོག་སོགས་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱས་ཏེ། དགེ་སློབ་རྣམས་ལ་སྤྱོད་གོ་ཆོད་པའི་བདེ་འཇགས་ཤེས་བྱ་སྒྲོག་འགྲེལ་བྱེད་སྒོ་སྤེལ།

བྱེད་སྒོ་སྤེལ་ཡུལ་དུ་དཔལ་སྐྱིད་གྲོང་རྡལ་སྐྱ་རེངས་སྒྲོག་འགྲེལ་ཚོ་ཆུང་དང་བདེ་འཇགས་གཞུང་དོན་ཁང་གི་ལས་དོན་མི་སྣས་དཔལ་སྐྱིད་གྲོང་རྡལ་གྱི་ས་དབྱིབས་ས་གཤིས་དང་འབྲེལ་ནས། རྟོགས་སླ་བའི་PPTའགྲེམས་སྟོན་དང་དཔེ་མཚོན་གྱོད་དཔེ་དབྱེ་ཞིབ་བྱས་པ་བརྒྱུད་དགེ་སློབ་རྣམས་ལ་རི་ཉིལ་བ་དང་འདམ་རྡོའི་ཆུ་ལོག །ལམ་རྡིབ་པ་སོགས་རྒྱུན་མཐོང་གི་ས་གཤིས་གནོད་འཚེའི་འབྱུང་རྐྱེན་དང་ཁྱད་ཆོས། དེའི་གནོད་པ་བཅས་གསལ་བཤད་ཞིབ་ཕྲ་བྱས། གཞན་ཁྲོན་པའི་ཆུ་གནས་འགྱུར་ལྡོག །སྲོག་ཆགས་ཀྱི་རྒྱུན་ལྡན་མིན་པའི་བྱ་སྤྱོད་བརྟག་ཚུལ་སོགས་ས་གཤིས་གནོད་འཚེ་མ་ཐོན་གོང་གི་ཉེན་བརྡ་ངོ་སྤྲོད་བྱས། དེ་དང་ཆབས་ཅིག་ས་གཤིས་གནོད་འཚེ་འཕྲད་སྐབས་ཉེན་གཡོལ་བྱ་ཐབས་ཏེ། བདེ་འཇགས་ཀྱི་ཉེན་གཡོལ་ལམ་ཐིག་འཚོལ་ཐབས་དང་ཛ་དྲག་གི་གནས་ཚུལ་འོག་ཉེན་གཡོལ་ས་ཁུལ་འཚོལ་ཐབས། སྲོག་སྐྱོབ་ཡོ་བྱད་འཚོལ་ཐབས་སོགས་གཙོར་བཟུང་སྟེ་གསལ་བཤད་བྱས།

དྲིལ་བསྒྲགས་མཇུག་སྒྲིལ་རྗེས་ས་གཤིས་གནོད་འཚེའི་ཉེན་གཡོལ་དང་འགྲིམ་འགྲུལ་བདེ་འཇགས། ཟས་རིགས་བདེ་འཇགས། ཆུར་ནུབ་པ་སྔོན་འགོག་སོགས་ལ་དམིགས་ནས། ཛ་དྲག་དང་སྤྲོ་སྣང་འཕེལ་བའི་ཤེས་བྱ་འགྲན་བསྡུར་སྤེལ། སློབ་མ་རྣམས་ཀྱིས་གཅིག་རྗེས་གཉིས་མཐུད་སྒོས་དྲིས་ལན་བཏབ་པས་ཡུལ་དངོས་སུ་འཁྲུག་ཆ་དོད། ཤེས་བྱའི་འགྲན་བསྡུར་བརྒྱུད་སློབ་མ་རྣམས་ཀྱིས་བདེ་འཇགས་ཤེས་བྱ་སྣ་ཚོགས་རྒྱུད་ལ་ངེས་ནས་དྲན་ཤེས་ཇེ་ཟབ་ཏུ་བཏང་ནས། འགྲན་བསྡུར་ལ་བརྟེན་ནས་སློབ་སྦྱོང་ལ་སྐུལ་བའི་ཕན་འབྲས་ལེགས་པོ་བཏོན།

བྱེད་སྒོར་ད་དུང་སྒྲོག་དེབ་བཀྲམ་པ་དང་ཡུལ་དངོས་ནས་སྒྲོག་འགྲེལ་བྱས་པ་བརྒྱུད། དགེ་སློབ་རྣམས་ལ་འགྲིམ་འགྲུལ་བདེ་འཇགས་དང་ཟས་རིགས་བདེ་འཇགས། ཆུར་ནུབ་པ་སྔོན་འགོག་སོགས་ཀྱི་ཤེས་བྱ་ཁྱབ་གདལ་བཏང་། ལས་དོན་མི་སྣས་འགྲིམ་འགྲུལ་སྒྲིག་སྲོལ་ལ་བརྩི་སྲུང་བྱེད་པའི་གལ་ཆེའི་རང་བཞིན་ནན་བཤད་བྱས་ཏེ། སློབ་མ་ཚོར་འགྲོ་སྐྱོད་བདེ་འཇགས་དང་རླངས་འཁོར་དུ་སྡོད་པའི་བདེ་འཇགས་ལ་དོ་སྣང་བྱེད་དགོས་པ་དང་། རྒྱུན་མཐོང་གི་ཟས་རིགས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་དཔེར་བཟུང་ནས་སློབ་མ་རྣམས་ལ་བདེ་ཐང་ཟས་རིགས་ངོས་འཛིན་ཚུལ་དང་བཟའ་བཏུང་གི་གོམས་གཤིས་བཟང་པོ་ཆགས་པར་སློབ་སྟོན་བྱས། ཆུར་ནུབ་པའི་གྱོད་དོན་དངོས་དབྱེ་ཞིབ་བྱས་ཏེ་ཆུར་ནུབ་པའི་གནོད་འཚེ་དང་སྔོན་འགོག་བྱེད་ཐབས་གསལ་པོ་བཤད་ནས་སློབ་མ་རྣམས་ལ་ཉེན་ཁ་ཆེ་བའི་ཆུ་ཁར་རྩེད་མོ་རྩེ་མི་རུང་བ་ཁ་ཏ་སློབ་སྟོན་བྱས།

བྱེད་སྒོ་དེས་དཔལ་སྐྱིད་གྲོང་རྡལ་ལྟེ་བའི་སློབ་གྲྭའི་དགེ་སློབ་རྣམས་ཀྱི་ས་གཤིས་གནོད་འཚེ་དང་བདེ་འཇགས་གཞན་ལ་ཁ་གཏད་གཅོག་ནུས་ཆེ་རུ་བཏང་ནས་བདེ་འཇགས་སྔོན་འགོག་འདུ་ཤེས་ལེགས་པོ་བསྐྱེད།