གནའ་བོའི་བོད་ཀྱི་ཡོ་གའི་རིག་གནས་འབྱུང་ཁུངས་འཚོལ་ཞིབ་འཕེལ་རྒྱས་སྐོར་གྱི་བགྲོ་གླེང་ཐེངས་གཉིས་པ་དེ་ཁྲེང་ཏུའུ་ནས་འཚོགས།

ཡོང་ཁུངས། ཁམས་པའི་བརྙན་འཕྲིན་གྱི་དྲ་བ།
སྤེལ་དུས།: ༢༠༢༥ ལོའི་ཟླ་ ༦ ཚེས་ ༢༣

རྒྱལ་སྤྱིའི་ཡོ་ག་ཉིན་མོ་སྟེ་སྤྱི་ཟླ་6པའི་ཚེས་21ཉིན་གནའ་བོའི་བོད་ཀྱི་ཡོ་ག་རིག་གནས་འབྱུང་ཁུངས་འཚོལ་ཞིབ་འཕེལ་རྒྱས་སྐོར་གྱི་བགྲོ་གླེང་ཐེངས་གཉིས་པ་དེ་ཁྲེང་ཏུའུ་གནའ་དེང་ཟུང་འབྲེལ་གྱི་ཚེ་སྲོག་ཡོ་ག་ཞིབ་འཇུག་གླིང་ནས་སྤེལ།

ཡོ་ག་རིག་གནས་སྐོར་གྱི་བགྲོ་གླེང་དེ་སི་ཁྲོན་ཞིང་ཆེན་མི་རིགས་འཕྲོད་བསྟེན་བདེ་ཐང་སྐུལ་སྤེལ་ཚོགས་པས་མཛུབ་སྟོན་གནང་ཞིང་། གནའ་དེང་ཟུང་འབྲེལ་གྱི་ཚེ་སྲོག་ཡོ་ག་ཞིབ་འཇུག་གླིང་དང་། ཁྲེང་ཏུའུ་ཀེན་ཀྲི་ཀུའུ་རིག་གནས་ཁྱབ་སྤེལ་ཚད་ཡོད་སྤྱི་གཉེར་ཁང་བཅས་ཀྱིས་གཙོ་གཉེར་དང་། ཁྲེང་ཏུའུ་ཧི་མ་ལ་ཡ་བོད་ལུགས་གསོ་རིག་སྨན་ཁང་གིས་རོགས་སྒྲུབ་བྱས་ནས་འཚོགས་པ་མ་ཟད། ཁམས་པའི་བརྙན་འཕྲིན་ཁང་གིས་འདར་དབྱངས་དང་བརྙན་སྟེགས་བཅས་སུ་དྲ་ལམ་ཐད་བཏང་བྱས་ནས་མི་དེ་ལས་མང་བ་ཞིག་ལ་ཡོ་ག༼རྩ་རླུང་༽ལ་བརྟེན་ནས་ལུས་སེམས་གསོ་བའི་འཕྲོད་བསྟེན་ཤེས་བྱ་ངོ་སྤྲོད་བྱས་པ་རེད།

བགྲོ་གླེང་ཚོགས་འདུའི་ཐོག་སི་ཁྲོན་ཞིང་ཆེན་མི་རིགས་འཕྲོད་བསྟེན་བདེ་ཐང་སྐུལ་སྤེལ་ཚོགས་པའི་ཚོགས་གཙོ་ཚེ་རིང་མགོན་པོ་དང་། དགེ་རྒན་ཆེན་མོ་རྒྱ་ཡེ་བཀྲ་བྷོ། དགེ་རྒན་ཆེན་མོ་དཀོན་མཆོག་བསྟན་འཛིན། དགེ་རྒན་ཆེན་མོ་བདུད་འདུལ།  དགེ་རྒན་ཆེན་མོ་ཀྲོའུ་ཅིན་ལི། དཔེ་རྙིང་ཞིབ་འཇུག་པ་ཀརྨ་བདེ་ལེགས། བོད་ཀྱི་གནའ་རྫས་ཞིབ་འཇུག་པ་ལྟག་ཨོ་རྒྱན་ཆོས་འཕེལ། གནའ་དེང་ཟུང་འབྲེལ་གྱི་ཚེ་སྲོག་ཡོ་ག་ཞིབ་འཇུག་གླིང་གི་འགོ་གཙོ་ཀུན་དགའ་རྒྱལ་མཚན།  བོད་ལྗོངས་པདྨ་ཡོ་གའི་ལུས་སེམས་རླུང་གསུམ་གྱི་དགེ་རྒན་ཆེན་མོ་པདྨ་བཀྲ་ཤིས། སི་ཁྲོན་བོད་ཡིག་གནའ་དཔེ་ལེགས་སྒྲིག་ཁང་གི་སྤྱི་ཁྱབ་ལས་འཛིན་ནམ་གཙོ་སྒྲིག་པ་རྟ་མགྲིན་སྐྱབས། བོད་འབྲེལ་ས་ཁུལ་གྱི་ཨེ་འགོག་ཞབས་ཞུའི་ལྟེ་གནས་ཀྱི་འགོ་གཙོ་ཆོས་དཔལ་བཟང་པོ་སོགས་འབྲེལ་ཡོད་དབུ་ཁྲིད་དང་ཆེད་མཁས་པ། དེ་མིན་རྒྱ་གར་དང་བལ་ཡུལ། ཤང་ཀང་བཅས་ནས་ཕེབས་པའི་ཡོ་གའི་དགེ་རྒན་ཆེན་མོ་སོགས་ཕེབས་ཡོད་པ་རེད།

ཐེངས་འདིའི་བགྲོ་གླེང་ནང་༼ཡོ་གའི་ལུས་སྦྱོང་ལ་བརྟེན་ནས་བདེ་ཐང་ཀྲུང་གོར་རམ་འདེགས་བྱེད་པ་༽དང་།༼ཡོ་ག་སྤྱི་དང་སྲོག་འཛིན་རླུང་དང་འབྲེལ་བའི་ནད་སྣ་ཚོགས་སེལ་ཐབས་སྐོར།༽༼བོད་ལུགས་བདེ་ཐང་རྣལ་འབྱོར།༽༼ཐུན་མོང་ཡོ་ག་དང་བོད་ཀྱི་འཕྲུལ་འཁོར།༽༼སྒོམ་གྱི་སྙིང་པོ།༽༼ལུས་སེམས་ཀྱི་འབྲེལ་བ་དང་ཕན་ཚུན་བར་ཤུགས་རྐྱེན་ཇི་ལྟར་ཐེབས་ཚུལ་སྐོར་གྱི་ཚན་རིག་པའི་སྒྲུབ་བྱེད༽སོགས་དུས་ལ་བབས་ཤིང་གནད་ལ་སྨིན་པའི་བརྗོད་བྱ་སྣ་ཚོགས་ཀྱི་ཐོག་ནས་མཁས་དབང་རྣམ་པས་མི་དམངས་ཀྱི་ལུས་སེམས་བདེ་ཐང་དང་། སྤྱི་ཚོགས་འཆམ་མཐུན་འཕེལ་རྒྱས། ཡོ་ག་དང་འབྲེལ་བའི་གནའ་དེང་འཕྲོད་བསྟེན་རིག་གནས་འཛིན་སྐྱོང་སྤེལ་གསུམ་བཅས་ལ་དམིགས་ཏེ་གནའ་དེང་ཡོ་གའི་རིག་གནས་དང་བདེ་ཐང་འཕྲོད་བསྟེན་སྐོར་གྱི་བགྲོ་གླེང་ཟབ་མོ་གནང་བ་རེད།

བགྲོ་གླེང་ཚོགས་འདུའི་ཐོག་ད་དུང་ཁྲེང་ཏུའུ་ཀཱ་རུ་ཎཱ་ཡོ་ག་ལས་ཤག་གི་དགེ་སློབ་འགའ་དང་། རྒྱ་གར་གྱི་ཡོ་གའི་དགེ་རྒན་ཆེན་མོ་དྷི་བ་སོགས་ཀྱིས་ཡུལ་དངོས་ནས་སྐུ་མགྲོན་རྣམས་ལ་རྩ་རླུང་ངམ་ཡོ་ག་མཛུབ་ཁྲིད་གནང་བ་མ་ཟད། གཞན་ཡང་གླུ་མ་དར་མཚོ་དང་གཡུ་ཁོག་མཚོ་མོ་སོགས་ཀྱིས་ཡོ་ག་དང་འབྲེལ་བའི་གླུ་དབྱངས་ཕུལ་ནས་ཚོགས་རའི་རྣམ་པ་ཉམས་དགའ་བ་དང་གྱ་ནོམ་པ་ཞིག་བཟོས་ཡོད། 

རྒྱུས་ལོན་བྱུང་བར་ལྟར་ན་ཡོ་ག་ཞེས་པའི་གོ་དོན་ནི་སཾ་སྐྲྀ་ཏའི་སྐད་དུ་ཡོ་ག་ཞེས་འབོད་པའི་ལུས་སྦྱོང་དེ་ཐད་ཀར་བོད་སྐད་དུ་བསྒྱུར་ན་རྣལ་འབྱོར་ཞེས་པར་གོ་ཞིང་། བོད་འབྲེལ་ས་ཁུལ་ནས་ད་ལྟ་རྩ་རླུང་འཕྲུལ་འཁོར་ཞེས་འབོད་ཅིང་རྒྱ་སྐད་དུའང་དེང་སང་瑜伽ཞེས་འབོད་ཀྱི་ཡོད། དེ་ནི་སྤྱི་ཚོགས་བདེ་ཐང་ལ་ཕན་ཐོགས་ལྡན་པའི་ལུས་སྦྱོང་གི་རིག་གནས་ཞིག་ཏུ་ཆགས་ཡོད། འཛམ་གླིང་ཡུལ་གྲུ་ཀུན་དང་ལྷག་པར་དུ་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་དར་ཁྱབ་ཆེན་པོ་འགྲོ་བཞིན་ཡོད་ལ། དེང་སང་ཡོ་ག་ལུས་སྦྱོང་ལ་བརྟེན་ནས་མི་བགྲང་ལས་འདས་པ་ཞིག་གིས་ལུས་སེམས་གཉིས་ཀྱི་བདེ་ཐང་ལ་རོལ་བཞིན་ཡོད་པས། བདེ་ཐང་ཐབས་མཆོག་འདི་ལ་ཀུན་གྱིས་མཐོང་ཆེན་བྱེད་བཞིན་ཡོད།