ཏེ་དབྱང་གི་ཚོང་པར་ལག་གདང་སྦྲེལ་ནས་འབྱུང་འགྱུར་མཉམ་དུ་སྐྲུན།

སྤྱི་ཟླ་6པའི་ཚེས་16ཉིན། ཏེ་དབྱང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་མཛོད་དགེ་དཔལ་སྐྱིད་ཡུལ་ཚོའི་ལྟེ་བའི་སློབ་གྲྭས“ཏེ་དབྱང་གི་ཚོང་པར་ལག་གདང་སྦྲེལ་ནས་འབྱུང་འགྱུར་མཉམ་དུ་སྐྲུན”ཞེས་པའི་བརྗོད་དོན་ལྟར་བཞུགས་མོལ་ཚོགས་འདུ་འཚོགས། སློབ་གསོ་འདེགས་སྐྱོར་དང་གོང་སྤེལ་གྱི་འཆར་གཞིར་གྲོས་མོལ་བྱས།

བཞུགས་མོལ་ཚོགས་འདུའི་ཐོག་ཏེ་དབྱང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཛོད་དགེ་རྫོང་གི་སློབ་གསོའི་བྱ་གཞག་ལ་ཚད་མཐོའི་མཐོང་ཆེན་དང་བྱིས་པ་རྣམས་ལ་ཐུགས་ཁུར་ཟབ་བཞེས་གནང་། ཁེ་ལས་པ་རྣམས་ཀྱིས་རང་སྒེར་གྱི་ལས་གཏོད་ཉམས་མྱོང་གླེང་བཞིན་བྱིས་པ་རྣམས་ལ་འབད་པ་ཧུར་ལེན་གྱིས་ཤེས་ཡོན་སྦྱོང་བ་བརྒྱུད་ལས་དབང་ལ་འགྱུར་ལྡོག་གཏོང་དགོས་པའི་སྐུལ་ལྕག་བྱས་པར་མ་ཟད་ཞལ་འདེབས་མཛད་སྒོ་སྤེལ།
རྒྱུས་ལོན་པ་ལྟར་ན། བྱེད་སྒོ་དེར་དཔལ་སྐྱིད་ཡུལ་ཚོའི་ལྟེ་བའི་སློབ་གྲྭར་སློབ་ལྭ་193དང་ཡིག་ཆས་100ལྷག་ཞལ་འདེབས་གནང་།

མཛོད་དགེ་རྫོང་དཔལ་སྐྱིད་ཡུལ་ཚོའི་ལྟེ་བའི་སློབ་གྲྭའི་སློབ་མ་ཕྱག་རྡོར་སྐྱིད་ཀྱིས་ཏེ་དབྱང་གི་ཨ་ཁུ་དང་ཨ་ནེ་ཚོས་ང་ཚོར་སློབ་ལྭ་གསར་པ་དང་ཡིག་ཆས་བྱིན་པར་ཐུགས་རྗེ་ཆེ་ཞུ། ང་ཚོས་གཡུར་ཟའི་སྦྱངས་འབྲས་བླངས་ནས་ཁོ་ཚོར་དྲིན་ལན་འཇལ་ངེས་ཡིན་ཞེས་བཤད།
མཛོད་དགེ་རྫོང་དཔལ་སྐྱིད་ཡུལ་ཚོའི་ལྟེ་བའི་སློབ་གྲྭའི་སློབ་གཙོའི་ཁམས་ཐར་གྱིས་དེ་རིང་ཏེ་དབྱང་གྲོང་ཁྱེར་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་རོགས་རམ་འོག །ང་ཚོའི་སློབ་གྲྭར་སློབ་ལྭ་གསར་པ་དང་སྤྱོད་སྒོ་ཆེ་བའི་སློབ་སྦྱོང་ཡོ་བྱད་མང་པོ་ཞལ་འདེབས་གནང་བས། ང་ཚོའི་སློབ་གྲྭར་དྲོ་སྐྱིད་དང་སྟོབས་ཤུགས་སྦྱིན་ཡོད་པས། ང་ཚོས་བཀའ་དྲིན་བློ་ལ་ངེས་བཞིན་སྦྱོར་བ་དངོས་ཀྱིས་ཁོ་ཚོར་དྲིན་ལན་འཇལ་ངེས་ཡིན་ཞེས་བཤད།
བཞུགས་མོལ་ཚོགས་འདུ་དེར་ཏེ་དབྱང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་མཛོད་དགེ་རྫོང་དཔལ་སྐྱིད་ཡུལ་ཚོའི་ལྟེ་བའི་སློབ་གྲྭར་འབྲེལ་ཟམ་བསྐྲུན་པར་མ་ཟད། སློབ་ར་རུ་བྱམས་བརྩེའི་དྲོད་ཁོལ་དང་རེ་བའི་འོད་སྣང་འཕྲོ་རུ་བཅུག །སླད་ཕྱིན་ཕྱོགས་གཉིས་པོས་མུ་མཐུད་དུ་ལག་གདང་སྦྲེལ་ནས་བྱིས་པ་རྣམས་ལ་སློབ་སྦྱོང་གི་ཆ་རྐྱེན་ལེགས་པོ་བསྐྲུན་ནས། ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གྱི་རི་མོ་འགོད་པའི་འདུན་པ་གསལ་པོར་བསྟན།