རྒྱ་གར་གྱི་མཁའ་འགྲུལ་དོན་རྐྱེན་ཁྲོད་མི་གཅིག་སྲོག་ཉེན་ལས་ཐར་བ།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
སྤེལ་དུས།: ༢༠༢༥ ལོའི་ཟླ་ ༦ ཚེས་ ༡༦

ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་14ཉིན་རྒྱ་གར་ཉེན་རྟོག་ཕྱོགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། སྤྱི་ཚེས་12ཉིན་རྒྱ་གར་གྱི་ཀུ་ཅི་ལ་ཐེ་མངའ་སྡེའི་ཨའེ་ཧ་མའེ་ཏ་པ་ཏེ་གནམ་ཐང་གི་ཉེ་འགྲམ་དུ་གནམ་གྲུ་ལྷུངས་བའི་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་བའི་མི་གྲངས་279བར་འཕར་ཡོད། རྒྱ་གར་སྲིད་གཞུང་གིས་མཐོ་རིམ་ཨུ་ཡོན་ལྷན་ཁང་ཞིག་བཙུགས་ནས་ཟླ་གསུམ་གྱི་ནང་ཚུན་དུ་དོན་རྐྱེན་གྱི་བརྟག་དཔྱད་སྙན་ཞུ་ཁྱབ་བསྒྲགས་བྱ་རྒྱུ་ཡིན་པ་རེད།

དེའི་གོང་། རྒྱ་གར་གྱི་མཁའ་འགྲུལ་གནམ་རྐྱེན་བརྟག་དཔྱད་ཚོགས་ཆུང་གིས་བརྟག་དཔྱད་ཀྱི་གཙོ་གནད་དེ་གནམ་གྲུའི་ལག་རྩལ་གྱི་གནད་དོན་འགའ་ཞིག་ཐོག་གཅིག་སྡུད་བྱས་ཡོད། དེའི་ནང་སྒུལ་བྱེད་འཕྲུལ་འཁོར་གྱི་འདེད་ཤུགས་ཀྱི་གནད་དོན་དང་གཤོག་པ་ཕལ་པའི་གནད་དོན། དེ་བཞིན་དོན་རྐྱེན་ཐོན་སྐབས་འབབ་འཕུར་སྒྲོན་གཞི་ཁ་ཕྱེ་བའི་རྣམ་པར་གནས་པའི་སྐོར་བཅས་ཚུད་ཡོད། སྤྱི་ཁྱབ་ལས་ཁུངས་ཀྱི་གསར་འགོད་པས་ཤེས་རྟོགས་བྱུང་བ་ལྟར་ན། བྱ་རིགས་ཀྱིས་རྡུང་ཁ་རྒྱག་པའི་དོན་རྐྱེན་བརྟག་དཔྱད་ཀྱི་ཁྱབ་ཁོངས་སུ་ཚུད་མེད།

ཉིན་དེར་འགྲུལ་སྐྱེལ་གནམ་གྲུ་དེ་འཕུར་ནས་ཡུན་རིང་མ་སོང་བར་མགྱོགས་མྱུར་ལྷུངས་ནས་འཛུགས་སྐྲུན་དངོས་པོ་ཞིག་ལ་བརྡུངས་རྗེས་འབར་གས་བྱུང་ནས་མེ་ཤོར་བ་དང་གནམ་གྲུའི་ཆག་རོ་གང་སར་ཐོར་ཡོད། དོན་རྐྱེན་ཐོན་པའི་གནམ་གྲུའི་ཐོག་མི་242ཡོད་པ་དང་། དེའི་ཁྲོད་མི་གཅིག་མ་གཏོགས་ཚང་མ་རྐྱེན་ལམདུ་ཤོར་ཡོད། དོན་རྐྱེན་གྱིས་ད་དུང་ས་ངོས་ཀྱི་མི་སྣར་ཤི་རྨས་བཟོས་ཡོད།

ཞིབ་དཔྱད་བྱས་པ་བརྒྱུད་གནམ་གྲུའི་ཐོག་སྲོག་ཉེན་ལས་ཐར་བའི་མི་གཅིག་པུ་དེ་ནི་དབྱིན་ཇིའི་རྒྱལ་ཁོངས་ཀྱི་སྐྱེས་པ་ཝེ་ཧྲི་ཝ་སི་ཁུའུ་མར•ལ་མེ་ཧྲི་ཡིན་པ་དང་། ཁོང་གིས་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་བྱེད་སྐབས་རང་ཉིད་སྲོག་ཉེན་ལས་ཐར་བའི་བརྒྱུད་རིམ་བརྗོད་ཡོད།

ལ་མེ་ཧྲི་ཡིས། གནམ་གྲུ་འཕུར་ནས་སྐར་མ་གཅིག་ཙམ་འགོར་རྗེས་གནམ་གྲུ་བར་སྣང་དུ་སྐར་ཆ་5ནས་10ཙམ་བསྡད་པའི་སྣང་བ་བྱུང་། དེ་ནས་གྲུ་ཚང་གི་གློག་ལྗང་ཁུ་དང་དཀར་པོ་གཉིས་ཀ་སྦར་སོང་། འཕུར་སྐྱོད་པས་གནམ་གྲུ་མདུན་དུ་གཏོང་རྩིས་བྱས་མོད། འོན་ཀྱང་གནམ་གྲུ་ཐད་ཀར་འཛུགས་སྐྲུན་ཁུལ་དུ་ལྷུངས་སོང་ཞེས་བརྗོད་པ་རེད།

ལ་མེ་ཧྲི་ཡིས། ཡོད་ཚད་རང་ཉིད་ཀྱི་མིག་ལམ་དུ་ཐོན་སོང་། ང་རང་གིས་ཀྱང་རང་ཉིད་ཇི་ལྟར་བྱས་ནས་གསོན་མིན་ཤེས་མ་སོང་། སྐབས་ཤིག་རིང་རང་ཉིད་འཆི་རྒྱུ་རེད་སྙམ་བྱུང་། རང་ཉིད་ད་དུང་གསོན་པོར་གནས་པ་ཤེས་སྐབས། འདུག་སྟེགས་སྟེང་གི་བདེ་འཇགས་ཐག་པ་དཀྲོལ་རྩིས་བྱས་པ་ཡིན་ཞེས་བརྗོད།

ཤེས་རྟོགས་བྱུང་བར་གཞིགས་ན། ལ་མེ་ཧྲིའི་གནམ་གྲུ་སྡོད་གནས་ནི་11Aཡིན་པ་དང་། གྲུ་ཚང་གི་ཁྱབ་ཚུལ་རི་མོ་ལས་མངོན་པ་ལྟར་སྡོད་ས་འདི་ནི་ཐོན་སྒོ་དང་ཐག་ཉེ་པོ་ཡོད། ཁོང་གིས། ང་རང་སྡོད་སའི་གནམ་གྲུ་ཆ་ཤས་དེ་ཉལ་ཁང་གི་འོག་ཏུ་ལྷུངས་ནས་ཐད་ཀར་ས་ངོས་ལ་བརྡབས་སོང་། ངས་གནམ་གྲུའི་ཕྱི་རོལ་དུ་བར་གསེང་ཡོད་པ་མཐོང་བ་དང་སྲོག་ཉེན་ལས་ཐར་ཐབས་བྱས་པས་ལེགས་གྲུབ་བྱུང་སོང་ཞེས་བརྗོད།

མིག་སྔར། ལ་མེ་ཧྲི་ཡི་དྲན་ཤེས་གསལ་པོ་ཞིང་། སྨན་ཁང་དུ་སྨན་བཅོས་བྱེད་མུས་ཡིན། ཁོང་གི་གཙོ་བཅོས་སྨན་པས། ཁོང་གི་ལག་པ་དང་ངོ་གདོང་ལ་རྨ་ཁ་ཁ་ཤས་ཡོད་མོད། གནད་དོན་ཆེན་པོ་མི་འདུག འགྲོ་དུས་རྐང་པ་འཐེང་ནས་འགྲོ་བཞིན་པས། འཇིག་སྐྲག་གི་རྐྱེན་པས་རེད་ཅེས་བརྗོད།