རྒྱ་མཚོའི་རྒྱལ་ཁབ་སྟོབས་ཆེན་སྐྲུན་མགྱོགས་སུ་གཏོང་བཞིན་པ།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
སྤེལ་དུས།: ༢༠༢༥ ལོའི་ཟླ་ ༦ ཚེས་ ༡༡

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། རང་རྒྱལ་ནི་རྒྱ་མཚོའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པ་དང་། མཚོ་ཁོངས་རྒྱ་ཁྱོན་ཧ་ཅང་ཡངས་ཤིང་མུ་མཐའ་བྲལ། ངེས་པར་དུ་རྒྱ་མཚོའི་ཐད་ལ་ནུས་ཤུགས་བཏོན་ཏེ་རྒྱ་མཚོའི་རྒྱལ་ཁབ་སྟོབས་ཆེན་སྐྲུན་མགྱོགས་སུ་གཏོང་དགོས་ཞེས་བསྟན་གནང་ཡོད། རྒྱ་མཚོའི་ཐོན་ཁུངས་གསར་སྤེལ་བྱེད་ནུས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་བསྟུན་ནས། རང་རྒྱལ་གྱི་རྒྱ་མཚོའི་དཔལ་འབྱོར་སྤྱི་འབོར་ན་ནིང་སྒོར་དུང་ཕྱུར་ཁྲི་10ལས་ཐེངས་དང་པོ་བརྒལ་བ་དང་། རྒྱ་མཚོའི་ཚན་རྩལ་གསར་གཏོད་ཀྱི་གོམ་སྟབས་རྒྱུན་མཐུད་ངང་མགྱོགས་སུ་འགྲོ་བཞིན་ཡོད་ཅིང་། རྒྱ་མཚོའི་ཚན་རྩལ་ཆུ་ཚད་མཐོ་བའི་རང་ཚུགས་དང་རང་སྟོབས་རང་སྤེལ་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་བཞིན་ཡོད།

ཧྥུ་ཅན་ཧྥུ་ཀྲོའུ་ཁྲང་ལེ་ཆུས་ཏ་ཀྲི་གྲོང་ཚོ་དང་བར་ཐག་མཚོ་ལེ་9ཡི་སའི་མཚོ་ངོས་སུ་ཡོད་པའི་རིག་ནུས་ཅན་གྱི་གསོ་སྤེལ་ལས་སྟེགས་ཆེ་གྲས“ཧང་ཉིང་དང་པོ་རྟགས་ཅན”དེ་ཉིད་ཉི་འོད་འོག་གསེར་འོད་ལམ་ལམ་དུ་འཚེར་བཞིན་པ་དང་། ལས་སྒྲུབ་མི་སྣས་ཉིང་ཏེ་ནས་བསྐྱལ་མ་ཐག་པའི་ཉ་རྣམས་དོས་སྒམ་ནང་བླུགས་པར་བྲེལ་བཞིན་ཡོད།ཧྥུ་ཀྲོའུ་གྲོང་ཁྱེར་ཁྲང་ཡུས་གླིང་ཕྲན་རྒྱ་མཚོའི་ཚན་རྩལ་ཚད་ཡོད་ཀུང་སིའི་འགན་འཁུར་བ་ཝང་ཁའེ་མུའུ་ཡིས། ང་ཚོས་འདིར་ཁྲེ་ཏན་ཧྲེ་པན་ཉ་གསོ་ཚགས་བྱེད་ཀྱི་ཡོད་པ་དང་། ད་དུང་ཧོང་ཧྭ་ཉ་གསོ་ཚགས་བྱེད་ཀྱི་ཡོད། འདི་གར་གསོ་ཚགས་བྱས་པའི་ཉ་རྣམས་རྒྱ་མཚོའི་ནང་གི་བྱེས་སྐྱེས་ཉ་དང་འདྲ་པོ་ཡོད་པས། ཉ་ཤའི་སྤུས་ཚད་ཅུང་ལེགས་ལ་འཚོ་བཅུད་རིན་ཐང་ཡང་དེ་བས་མཐོ་བ་ཡོད་ཅེས་བརྗོད་ཡོད།

ན་ནིང་ཟླ་10པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྥུ་ཅན་དུ་རྟོག་ཞིབ་གནང་སྐབས། ཧྥུ་ཀྲོའུ་དང་ཤ་མོན་གྱིས་རྒྱལ་ཡོངས་ཀྱི་རྒྱ་མཚོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་མགྱོགས་མྱུར་འཛུགས་སྐྲུན་བྱས་ཏེ། རྒྱ་མཚོའི་དཔལ་འབྱོར་རྒྱ་སྟོབས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་གནང་ཡོད། མཚོ་ཁོངས་ཡངས་ཞིང་ཐོན་ཁུངས་ཕུན་སུམ་ཚོགས་པའི་ཧྥུ་ཅན་གྱིས་རྒྱ་མཚོའི་ནང་ནས་ཟས་རིགས་འཚོལ་བ་དང་། རྒྱ་མཚོའི་འབྲོག་ར་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བཞིན་ཡོད། ཧྥུ་ཀྲོའུ་གྲོང་ཁྱེར་རྒྱ་མཚོ་དང་ཉ་ལས་ཅུས་ཀྱི་ཅུས་ཀྲང་ཤའེ་ཅིང་གིས། མཚོ་དང་བར་ཐག་ཉེ་ས་ལེགས་གཉེར་དང་། རྒྱ་མཚོའི་གཏིང་ཟབ་སར་རྒྱ་སྐྱེད། རྒྱང་རིང་རྒྱ་མཚོ་བརྟན་གཏོང་། འབྲེལ་ཐག་དམ་དུ་གཏོང་བ་བཅས་ཀྱི་འཕེལ་རྒྱས་བསམ་ཕྱོགས་མཐའ་འཁྱོངས་བྱས་ཏེ། ཟས་རིགས་ཆེན་པོའི་ལྟ་བ་ལག་ལེན་བསྟར་བའི་སྔོན་སྐྱོད་དཔེ་སྟོན་ཁུལ་ནུས་ཤུགས་ཡོད་རྒུས་གཏོད་དགོས། གསོ་སྤེལ་མཚོ་དབང་བསྒྱུར་བཅོས་གསར་གཏོད་དང་། མཚོ་འབྲེལ་དངུལ་རྩའི་ཞབས་ཞུ་ལེགས་གཏོང་། གྲངས་འཛིན་ཚན་རྩལ་སོགས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་གཅིག་སྡུད་བྱེད་པ་བཅས་ཀྱི་ཐོག་ནས། དེང་རབས་ཉ་ལས་འཕེལ་རྒྱས་ལ་ཕྱོགས་མང་པོ་ནས་ནུས་པ་འདོན་སྤྲོད་བྱེད་དགོས་ཞེས་གསུངས་ཡོད།

ཡངས་པའི་རྒྱ་མཚོ་ཉིད“འབྲུ་མཛོད་སྔོན་པོར”འགྱུར་ཐུབ་ལ། འཕེལ་རྒྱས་ཀྱི“སྒུལ་ཤུགས་སྔོན་པོ”ཡང་འཕྱུར་ཐུབ། ད་ལོའི་དུས་ཚིགས་དང་པོར། མཚོ་ཐོག་རླུང་ཤུགས་གློག་འདོན་ནས་རྒྱ་མཚོའི་སྐྱེ་དངོས་ཚན་རྩལ་བར། རང་རྒྱལ་གྱི་རྒྱ་མཚོའི་གསར་དར་ཐོན་ལས་འཕེལ་རྒྱས་ཕྱོགས་མང་པོའི་ཐོག་ནས་ལེགས་སུ་ཕྱིན་ཡོད། ཀོང་ཏུང་དུ། 2024ལོར་རྒྱ་མཚོའི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར་ཁྲི་གཉིས་ལས་བརྒལ་ནས་ས་ཁུལ་གྱི་དཔལ་འབྱོར་མིང་ཐོག་འཕར་སྣོན་ལ་ལེགས་སྐྱེས་ཕུལ་ཚད་བརྒྱ་ཆ་27ཟིན་ཡོད། ཀོང་ཏུང་ཞིང་ཆེན་རྒྱ་མཚོ་ཅུས་ཀྱི་ཅུས་ཀྲང་ཆུས་ཅ་ཧྲུའུ་ཡིས། སྐམ་མཚོ་མཉམ་འགུལ་བྱས་ཐོག གྲོང་ཁྱེར་དང་། མཚོ་ཁུག གླིང་ཕྲན། མཚོ་འགྲམ། ཆུ་རགས་བཅས་བཀོད་སྒྲིག་ལུགས་མཐུན་བྱས་ཏེ། ས་ཚིགས་ཐོག་གསར་སྤེལ་དང་། འོས་འཚམ་གཅིག་བསྡུས། ཐག་ཉེ་ལེགས་གཏོང་དང་ཐག་རིང་རྒྱ་སྐྱེད་བཅས་ཀྱི་རྒྱ་མཚོའི་བར་སྟོང་གི་རྣམ་པ་ཆགས་ཡོད། ཤེས་ལྡན་མི་སྣ་དང་། མ་རྩ། ལག་རྩལ། མཚོ་ཁོངས། གྲངས་གཞི་བཅས་རྒྱུ་རྐྱེན་གཙོ་བོ་ལྔ་བསྡུ་རུབ་བྱས་ཏེ། སྐམ་སའི་ཁེ་ལས་དང་། མ་རྩ། ཤེས་ལྡན་མི་སྣ་བཅས་རྒྱ་མཚོའི་ཕྱོགས་སུ་འཁོར་བ་དང་རྒྱ་མཚོའི་ཕྱོགས་སུ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད་ཅེས་གསུངས་ཡོད།

རྒྱ་མཚོ་ནི་སྤུས་མཐོའི་གོང་འཕེལ་གྱི་འཐབ་ཇུས་ཀྱི་གནས་ས་གལ་ཆེན་ཞིག་ཡིན། དུས་རབས་གསར་པར་རྒྱལ་ཁབ་ཀྱི་སྒྲིག་ཆས་གལ་ཆེན་རབ་དང་རིམ་པ་མཚོ་གཏིང་དུ་བེད་སྤྱོད་བྱས་ཡོད། རང་རྒྱལ་གྱིས་རང་བརྟེན་ཇུས་འགོད་བྱས་ནས་བཟོས་པའི་རྒྱ་མཚོ་ཆེན་པོའི་གསོར་འབིགས་གྲུ་གཟིངས་ཐོག་མ“ཕུགས་འདུན་”རྟགས་ཅན་ཐོག ཀོང་ཀྲོའུ་རྒྱ་མཚོའི་ས་གཤིས་བརྟག་དཔྱད་ཅུས་ཀྱི་ཞིབ་འཇུག་པ་སུན་ཀྲེན་གྱིས་ལས་གྲོགས་ཚོ་དང་མཉམ་དུ་གྲུ་གཟིངས་ཐོག་གི་ཚོད་ལྟ་ཁང་ནང་མཚོ་གཏིང་ནས་བླངས་མ་ཐག་པའི་བྲག་སྡོང་ལ་བཤེར་འབེབས་བྱེད་བཞིན་ཡོད། ན་ནིང་ཟླ་11པར“ཕུགས་འདུན”རྟགས་ཅན་གྱིས་དངོས་སུ་ལས་འགན་སྒྲུབ་འགོ་ཚུགས་ཤིང་། དེའི་ཐོག་ནས་རང་རྒྱལ་གྱིས་མཚོ་གཏིང་དུ་འཛུལ་བ་དང་། མཚོ་གཏིང་དུ་འཚོལ་ཞིབ། མཚོ་གཏིང་གསར་སྤེལ་བཅས་བྱེད་པའི་ཐད་གོམ་སྟབས་གལ་ཆེན་ཞིག་སྤོས་པ་མཚོན་གྱི་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་གནང་ཡོད། སུན་ཀྲེན་གྱིས“ཕུགས་འདུན”རྟགས་ཅན་གྱི་འགག་རྩའི་ལག་རྩལ་མང་པོ་རང་རྒྱལ་གྱིས་རང་བརྟེན་ཞིབ་འཇུག་གསར་སྤེལ་བྱས་པ་ཞིག་ཡིན་པས། ང་ཚོར་རྩེར་སོན་གྲུ་གཟིངས་དང་མཚོ་ཐོག་བཟོ་ལས་སྒྲིག་ཆས་སོགས་ཁྱབ་ཁོངས་སུ་གདིང་ཤུགས་སྔར་ལས་ཆེ་བ་ཡོད་པ་དང་། རང་རྒྱལ་གྱིས་རང་ཉིད་ནས་གཙོ་ཁྲིད་བྱས་པའི་རྒྱལ་སྤྱིའི་རྒྱ་མཚོ་ཆེན་པོའི་གསོར་འབིགས་འཚོལ་ཞིབ་འཆར་གཞི་འགོད་རྒྱུར“ཚན་རིག་རྟོག་ཞིབ་ཀྱི་རྩེར་སོན་སྒྲིག་ཆས”མཁོ་འདོན་བྱས་ཡོད། ང་ཚོས་ཚན་རྩལ་སྒྲིག་ཆས་གལ་ཆེན་འདི་བེད་གང་ལེགས་སྤྱད་དེ་རྒྱ་མཚོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་ཆེད་འབད་འཐབ་ལྷོད་མེད་བྱ་རྒྱུ་ཡིན”ཞེས་གསུངས་ཡོད།

རྒྱ་མཚོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱ་དགོས་ལ་ཕུལ་བྱུང་གི་རྒྱ་མཚོའི་ཤེས་ལྡན་མི་སྣར་སྔར་ལས་ཡངས་པའི་གར་སྟེགས་སྐྲུན་དགོས་པ་དང་། སློབ་གསོས་ཚན་རྩལ་དང་ཤེས་ལྡན་མི་སྣར་འདེགས་སྐྱོར་བྱེད་པའི་ནུས་པ་མུ་མཐུད་དུ་ཆེ་རུ་གཏོང་དགོས། ཀྲུང་གོའི་རྒྱ་མཚོ་སློབ་ཆེན་དུ་ཚན་རིག་ཞིབ་འཇུག་ཚོགས་པས་ཚོད་ལྟ་ཁང་དུ་རྒྱ་མཚོའི་དབྱང་གཉིས་ཐཱན་འགྱུར་ས་གཤིས་ཉར་ཚགས་ཀྱི་སའི་གོ་ལའི་དངོས་ཁམས་ལྟ་ཞིབ་ཚད་ལེན་ཞིབ་འཇུག་ལས་དོན་ལ་སྐུལ་འདེད་གཏོང་བཞིན་ཡོད། ན་ནིང་ཟླ་10པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་རྒྱ་མཚོ་སློབ་ཆེན་གྱི་དགེ་སློབ་ཡོངས་ལ་འཕྲིན་ལན་སྤྲིངས་པའི་ནང་། རྒྱ་མཚོའི་ཕུགས་འདུན་ཡོད་པ་དང་དུས་རབས་ཀྱི་ལས་འགན་ལྕི་པོ་འཁུར་ཐུབ་པའི་ཕུལ་བྱུང་གི་རྒྱ་མཚོའི་ཤེས་ལྡན་མི་སྣ་དེ་བས་མང་བ་གསོ་སྐྱོང་ཧུར་ཐག་བྱ་དགོས་ཞེས་ནན་སྟོན་གནང་ཡོད། ཀྲུང་གོ་རྒྱ་མཚོ་སློབ་ཆེན་རྒྱ་མཚོ་དང་སའི་གོ་ལའི་ཚན་རིག་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཞིང་ལེ་ཡིས། “གཞོན་ནུ་རྐང་འཛིན་པས་འགག་རྩའི་ལག་རྩལ་འགག་གཏོར་བྱ་རྒྱུར་སྣེ་ཁྲིད་བྱས་ཏེ། རང་ཚུགས་ཚན་རིག་ཞིབ་འཇུག་དང་རྙོག་འཛིང་ཆེ་བའི་ལས་གྲྭའི་གནད་དོན་ཐག་གཅོད་བྱེད་པའི་ནུས་པ་ཆེ་རུ་གཏོང་རྒྱུར་སྐུལ་མ་གཏོང་དགོས། དུས་མཚུངས་མ་ལག་རང་བཞིན་གྱི་བསམ་གཞིགས་དང་རིག་ཚན་ལས་བརྒལ་བའི་མཐུན་སྦྱོར་ནུས་པ་གསོ་སྐྱོང་བྱས་ཏེ། རྒྱ་མཚོའི་ཚན་རྩལ་གྱི་རིག་ཚན་མང་པོ་སྣོལ་སྡེབ་མཉམ་འདྲེས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་བསྟུན་དགོས། གཞོན་ནུ་ཤེས་ལྡན་མི་སྣ་རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོ་དང་ཚན་རྩལ་འགག་གཏོར་གྱི་མདུན་གྲལ་དུ་བཞག་ནས། “དཀའ་ངལ”ཁྲོད་སྦྱོང་བརྡར་དང་འགན་འཁུར་ཁྲོད་འཚར་ལོངས་ཡོང་བ་བྱ་དགོས”ཞེས་གསུངས་ཡོད།

རྒྱ་མཚོའི་དཔལ་འབྱོར་སྟོབས་ཆེར་བཏང་། རྒྱ་མཚོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད། “ཉ་ལས་དང་ཚྭ་ལས་དར་རྒྱས་བཏང་སྟེ་ཁེ་ཕན་ཐོབ་པ་བྱེད་པ”དང་“གྲུ་གཟིངས་སྤྱད་དེ་འགྲིམ་འགྲུལ་དང་ཉོ་ཚོང་སྟབས་བདེ་རུ་གཏོང་བ”ནས་ད་ལྟ་ནུས་རྒྱུ་གསར་པ་འཛད་མཐའ་མེད་པ་ཐོན་པ་དང་། ཚན་རྩལ་གྱི་གནམ་ས་གསར་པ་མངོན་པ། “རྒྱ་མཚོའི་འབྲུ་མཛོད”ཀྱིས་ཀྲུང་གོའི་ལྟོ་ཕོར་ཕུན་སུམ་ཚོགས་སུ་གཏོང་བ་བཅས་ཀྱི་བར་རང་རྒྱལ་གྱིས་རྒྱ་མཚོའི་ནང་ནས་མུ་མཐུད་ཐོན་སྐྱེད་ནུས་ཤུགས་དང་འཕར་ཚད་གསར་པ་འཚོལ་ཞིབ་བྱེད་བཞིན་ཡོད། རང་བྱུང་ཐོན་ཁུངས་པུའུ་རྒྱལ་ཁབ་རྒྱ་མཚོའི་ཆ་འཕྲིན་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ལི་ཧྲོང་ཅན་གྱིས། “ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི”རྒྱ་མཚོའི་དཔལ་འབྱོར་སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུའི་འཆར་གཞི་འགོད་རྒྱུར་ཤུགས་རྒྱག་པ་དང་། རྒྱ་མཚོའི་ཁྱབ་ཁོངས་ཀྱི་སྤུས་གསར་ཐོན་སྐྱེད་ནུས་ཤུགས་གསོ་སྤེལ་དང་གཏོད་པ། རྒྱ་མཚོའི་ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་ལ་ཤུགས་སྣོན་རྒྱག་པ། རྒྱ་མཚོའི་འབྱུང་ཁམས་སྲུང་སྐྱོང་ཉམས་གསོ་དང་ཉེན་བརྡའི་ལྟ་ཞིབ་ཚད་ལེན་ལ་སྐུལ་འདེད་གཏོང་བ། མཚོ་གཏིང་དང་གླིང་སྣེའི་སྲུང་སྐྱོང་བེད་སྤྱོད་ཆུ་ཚད་ཇེ་ཆེར་གཏོང་བ། གོ་ལ་ཧྲིལ་པོའི་རྒྱ་མཚོ་བཅོས་སྐྱོང་ནང་གཏིང་ཟབ་ངང་ཞུགས་པ་བཅས་བྱས་ཏེ། རྒྱ་མཚོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུ་ཡིན”ཞེས་གསུངས་ཡོད།