མཛོད་དགེའི་ཚིགས་ཆེན་ནད་པ་འདི་ལྔ་ལ་ཧྭ་ཞི་སྨན་ཁང་ནས་གཤགས་བཅོས་བྱས་པ་ལེགས་གྲུབ་བྱུང་།

སྤྱི་ཟླ་6པའི་ཚེས་4ཉིན། ལོ་ན79ལོན་པའི་ནད་པ་ཀུན་ཐར་མ་སི་ཁྲོན་སློབ་ཆེན་ཧྭ་ཞི་སྨན་ཁང་ནས་ཕྱིར་བུད། ཉིན་བདུན་གྱི་སྔོན་ལ་ཀུན་ཐར་མ་དང་ཡུལ་ཕྱོགས་གཅིག་ནས་ཡོང་བའི་མཛོད་དགེའི་ཚིགས་ཆེན་ནད་པ་བཞིས་ཧྭ་ཞི་སྨན་ཁང་དུ་རུས་ཚིགས་བརྗེ་བའི་གཤགས་བཅོས་བྱས། གཤགས་བཅོས་མ་བྱས་གོང་ལ་ཁོ་ཚོ་ལག་རྟེན་ལ་ཁེན་ནས་འགྲོ་དགོས། དེར་མ་ཟད་རུས་ཚིགས་ལ་ན་ཟུག་ཆེན་པོ་ཡོད། དེང་སྐབས་ཁོ་ཚོ་འདེགས་ཆས་ཀྱི་རམ་འདེགས་འོག་འགྲོ་ཐུབ།
རུས་ཚིགས་ཆེ་ནད(Kashin-Beck Disease,KBD)ནི་ས་གནས་རང་བཞིན་དང་གཅོང་ནད། འཕེལ་རིམ་རང་བཞིན་གྱི་རུས་ཚིགས་ནུས་པ་ཉམས་པའི་ནད་རིགས་ཤིག་ཡིན་པ་དང་། ཀྲུང་གོའི་ནུབ་རྒྱུད་ཀྱི་མཐོ་སྒང་ས་ཁུལ་དུ་འབྱུང་བ་མང་། དེ་ཡང་ས་ཆུ་དང་འཚོ་བཅུད། ཕྲ་ཆུང་གཞི་རྒྱུ་མི་འདང་བ་དང་འབྲེལ་བ་དམ་ཟབ་ཡོད། ནད་འདི་རྒྱུན་པར་བྱིས་པའི་དུས་སུ་འབྱུང་སླ། དུས་འགོར་རུས་ཚིགས་སྐྲངས་པ་དང་ན་ཟུག་འབྱུང་བ། འགུལ་སྐྱོད་ལ་ཤུགས་རྐྱེན་ཐེབས་པ་སོགས་ཀྱི་ནད་རྟགས་ཡོད། རིམ་བཞིན་ཚིགས་དབྱིབས་འགྱུར་བ་དང་མཁྲེགས་པོར་འགྱུར་བ། བྱེད་ནུས་ཉམས་འགྲོ། མཛོད་དགེ་རྫོང་ནི་ཚིགས་ཆེན་ནད་འབྱུང་མང་པའི་ས་ཁོངས་ཤིག་ཡིན་པ་དང་། ཡུན་རིང་པོར་སྨན་བཅོས་ཐོན་ཁུངས་ལེགས་པོ་མེད་པ། འགྲིམ་འགྲུལ་སྟབས་མི་བདེ་བ་སོགས་ཀྱི་གནད་དོན་དང་འཕྲད་པས། ཚིགས་ཆེན་ནད་ཀྱི་དབང་གིས་དབང་པོ་སྐྱོན་ཅན་དུ་གྱུར་བ་ཅུང་མང་པ་དང་འགོག་བཅོས་ཀྱི་ལས་འགན་ལྕི་མོ་འདུག
གཤགས་བཅོས་བྱས་པའི་ནད་པ་ལྔ་པོ་ནི་ཡུན་རིང་པོར་ལག་རྟེན་ལ་ཁེན་ནས་འགྲོ་བཞིན་པའི་རྒན་པ་དག་དག་ཡིན། ཆ་སྙོམས་ལོ་ཚོད་70ལས་བརྒལ་ཡོད། ཚིགས་དབྱིབས་འགྱུར་ཚབས་ཆེ་བ་དང་ནུས་པ་ཉམས་པས་ཉིན་རྒྱུན་གྱི་འཚོ་བར་ཤུགས་རྐྱེན་ཐེབས། སྤྱི་ཟླ་5པའི་ཚེས་31ཉིན། ནད་པ་བདེ་བླག་ངང་སྨན་ཁང་ཆེན་པོར་བསྐྱོད་པར་སྟབས་བདེ་བསྐྲུན་སླད། མཛོད་དགེ་རྫོང་མི་དམངས་སྨན་ཁང་གི་འགོ་འཛིན་གྱིས་སྨན་ཁང་གི་རུས་ནད་ཚན་ཁག་དང་སྦྲིད་སྨན་ཚན་ཁག་གི་སྨན་པའི་སྣེ་ཁྲིད་དེ། སི་ཁྲོན་སློབ་ཆེན་ཧྭ་ཞི་སྨན་ཁང་དུ་གཤགས་བཅོས་བྱེད་པར་སྐྱེལ།
སྤྱི་ཟླ་5པའི་ཚེས་27ཉིན། གཤགས་བཅོས་ལེགས་གྲུབ་བྱུང་། ཧྭ་ཞི་རུས་ནད་ཚན་ཁག་གི་ཆེད་མཁས་ཚོགས་པས་ཁམས་གསོའི་སྙིང་དོན་དེ་སྒེར་གྱི་བཅོས་གཟུགས་ཇུས་འགོད་དང་འབྲེལ་ནས། ནད་པའི་གཤགས་བཅོས་བྱས་རྗེས་ཀྱི་ན་ཟུག་ལ་ཚོད་འཛིན་ནུས་ལྡན་བྱས། མིག་སྔར། ནད་པ་གཤགས་བཅོས་བྱས་རྗེས་སླར་གསོ་ལེགས་པོ་བྱུང་བ་དང་། འདེགས་ཆས་ཀྱི་རམ་འདེགས་འོག་འགྲོ་བཞིན་ཡོད་པས་སེམས་ཁམས་ཇེ་སྐྱིད་དུ་སོང་ཡོད།
རྗེས་ཕྱོགས་ནད་པ་གཞན་རྣམས་ཀྱིས་རང་ཉིད་ཀྱི་འདོད་བློ་ལྟར་ཧྭ་ཞི་སྨན་ཁང་དུ་གཤགས་བཅོས་བྱ་ཆོག་ལ། རྫོང་མི་དམངས་སྨན་ཁང་དུ་གཤགས་བཅོས་བྱས་ཀྱང་ཆོག