མཛོད་དགེ་རྫོང་སློབ་ཆུང་དང་ཁྲེང་ཏུའུ་གྲོང་ཁྱེར་ཅིན་ཉིའུ་ཆུས་ཀྱིས་སྐད་ཡིག་མཉམ་ཞིབ་བྱེད་སྒོ་སྤེལ།

ཟླ་ལྔ་པའི་རྩྭ་ཐང་ཆེན་མོར་སྐལ་བཟང་མེ་ཏོག་རྣམ་པར་བཞད། གངས་རིའི་འདབས་ཀྱི་སློབ་ར་རུ་སློབ་གསོའི་ལྷག་བསམ་རྣམ་པར་དཀར། ཉེ་ཆར། ཁྲེང་ཏུའུ་གྲོང་ཁྱེར་ཅིན་ཉིའུ་ཆུས་དང་མཛོད་དགེ་རྫོང་མཁར་སློབ་གྲྭའི་སྐད་ཡིག་དགེ་རྒན་64མཐོ་སྒང་དུ་འཛོམས་ནས། “སློབ་ཚན་གཅིག་ལ་སྒྲིག་གཞི་མི་འདྲ་བ”དང་འབྲེལ་ནས་སློབ་གསོའི་བསམ་བློ་བརྗེ་རེས་བྱས། སྤུས་ལེགས་སློབ་གསོ་གངས་རིའི་ལྗོངས་སུ་རྩ་བ་ཚུགས་པར་སྐུལ་འདེད་སྒོས་སློབ་གསོ་དོ་སྙོམས་འཕེལ་རྒྱས་ཀྱི་འདུ་ཤེས་ལག་ལེན་དུ་བཏབ།

བྱེད་སྒོ་དེའི་ལྟེ་བའི་དམིགས་ཚད་ཆེན་པོ་གསུམ་སྟེ། ས་གནས་གཉིས་ཀྱི་སློབ་ཁྲིད་ཁྱད་ཆོས་མཉམ་འདྲེས་བྱས་ཏེ། མི་རིགས་རིག་གནས་དང་དེང་རབས་སློབ་གསོ་ཟུང་འབྲེལ་ཐབས་ལམ་འཚོལ་ཞིབ་བྱས། མཐོ་སྒང་གི་སློབ་སྦྱོང་གནས་ཚུལ་ལྟར་དགེ་རྒན་ལ་འབྲོག་ཁུལ་གྱི་བྱིས་པའི་སློབ་སྦྱོང་གི་ཁྱད་ཆོས་དམ་འཛིན་བྱེད་རོགས་བྱས། ཡུན་རིང་གི་འབྲེལ་ཟམ་བཙུགས་ནས་ས་གནས་གཉིས་ཀྱི་སློབ་གསོའི་ཉམས་མྱོང་བསྡུ་ལེན་ལ་སྐུལ་འདེད་སྒོས་སློབ་གསོ་དོ་སྙོམས་ངང་འཕེལ་རྒྱས་གཏོང་བའི་འཆར་གཞི་ལེགས་པོ་བཀོད།

བྱེད་སྒོ་སྤེལ་ཉིན་དེར། ས་གནས་གཉིས་ཀྱི་དགེ་རྒན་གྱིས《རང་ཉིད་ངོ་སྤྲོད》བརྗོད་དོན་དུ་བཟུང་སྟེ། སློབ་ཚན་གཅིག་ལ་སྒྲིག་གཞི་མི་འདྲ་བའི་སྤུས་ལེགས་སློབ་ཚན་བཞི་ཁྲིད། ས་གནས་གཉིས་ཀྱི་དགེ་རྒན་གྱིས་སློབ་ཚན་གྱི་ཚད་གཞིར་གཞིགས་ནས་སློབ་ཚན་ཇུས་འགོད་ཞིབ་ཚགས་བྱས་པ་དང་། སློབ་མའི་བསམ་གཞིགས་ནུས་པ་གསོ་སྐྱོང་བྱ་རྒྱུར་དོ་ཁུར་བྱས་ནས་སློབ་ཁྲིད་བྱེད་སྟངས་མི་འདྲ་བ་དང་སློབ་ཁྲིད་ཐབས་ཇུས་སྣ་མང་བརྒྱུད། མཛོད་དགེ་རྫོང་གི་དགེ་རྒན་ལ་ཕུན་སུམ་ཚོགས་པའི་སློབ་ཁྲིད་དཔེ་མཚོན་མཁོ་འདོན་བྱས།
བྱེད་སྒོ་དེར་ས་ཁོངས་ལས་བརྒལ་བའི་སློབ་ཞིབ་ཀྱི་བཀག་རྒྱ་གཏོར་ནས་ཐོན་ཁུངས་མཉམ་སྤྱོད་བྱ་རྒྱུ་མངོན་འགྱུར་བྱུང་། སློབ་ཁྲིད་སློབ་གྲྭར་སྐྱེལ་ནས་དཔེ་སྟོན་སྣེ་ཁྲིད་བྱས་ཏེ་སློབ་ཁྲིད་ལ་བསམ་གཞིག་བྱེད་པར་སྐུལ་འདེད་བཏང་། རྗེས་ཕྱོགས་མཛོད་དགེ་རྫོང་གིས་མཉམ་ལས་ཀྱི་གོ་སྐབས་དམ་འཛིན་གྱིས་སྤུས་ལེགས་ཐོན་ཁུངས་བསྡུ་ལེན་བྱས་ནས། ས་གནས་དགེ་རྒན་གྱི་ཆེད་ལས་གོང་སྤེལ་ཐབས་ལམ་འཚོལ་ཞིབ་སྒོས་མཐོ་སྒང་ས་ཁུལ་གྱི་སློབ་གསོ་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་བཏང་ནས། མི་རིགས་ས་ཁུལ་གྱི་སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་འབྲི་རྒྱུ་རེད། །