ཞི་ཅིན་ཕིང་གིས་གཉིས་བཀུར་བྱ་བར་མཛུབ་སྟོན་གལ་ཆེན་གནང་བ།

ཡོང་ཁུངས། ཞིན་ཧྭ་དྲ་བ།
སྤེལ་དུས།: ༢༠༢༥ ལོའི་ཟླ་ ༤ ཚེས་ ༢༤

ཞི་ཅིན་ཕིང་གིས་གཉིས་བཀུར་བྱ་བར་མཛུབ་སྟོན་གལ་ཆེན་གནང་ནས། སྲ་ཞིང་བརྟན་པའི་དམག་སྲིད་དང་དམག་དམངས་བར་གྱི་མཐུན་སྒྲིལ་ཇེ་དམ་དང་འཕེལ་རྒྱས་བཏང་སྟེ་མི་དམངས་དང་རང་དམག་ལ་དགའ་བའི་དུས་རབས་ཀྱི་ལེའུ་གསར་པ་མཉམ་དུ་རྩོམ་དགོས་པར་བསྟན།

ལི་ཆང་རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་སྟོན་རྫོང་གི་མིང་འདོགས་ཚོགས་ཆེན་ལ་ཞུགས་ཏེ་གསུང་བཤད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ལམ་གཉིས་བཀུར་བྱ་བར་མཛུབ་སྟོན་གལ་ཆེན་གནང་ནས་བསྟན་དོན། དམག་མིར་བཀུར་བ་དང་དེའི་ཁྱིམ་མི་ལ་གཟིགས་སྐྱོང་བྱེད་པ་དང་། ཆབ་སྲིད་ལ་བཀུར་བ་དང་མི་དམངས་ལ་གཅེས་པ་ནི་རང་རེའི་ཏང་དང་རང་རེའི་དམག་དཔུང་། རང་རེའི་རྒྱལ་ཁབ་ཀྱི་མི་དམངས་ཡོངས་ཀྱི་སྲོལ་རྒྱུན་བཟང་པོ་དང་ཆབ་སྲིད་ཀྱི་དགེ་མཚན་ཁྱད་དུ་འཕགས་པ་ཞིག་ཡིན། འཐབ་ལམ་གསར་པའི་སྟེང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་འཛིན་སྟོན་དུ་འཛིན་པ་རྒྱུན་འཁྱོངས་དང་། ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་རྒྱུན་འཁྱོངས། བཅོས་བསྒྱུར་གསར་གཏོད་གཏིང་ཟབ་ཏུ་གཏོང་བ། སྲིད་ཇུས་ཀྱི་ནང་རྐྱེན་ཇེ་ལེགས་སུ་གཏོང་བ་བཅས་བྱས་ཏེ། གཉིས་བཀུར་བྱ་བར་ཡར་རྒྱས་གསར་པ་འབྱུང་བར་སྐུལ་འདེད་གཏོང་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་དམག་དཔུང་གི་འཛུགས་སྐྲུན་དང་བཅོས་བསྒྱུར་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་ཏེ། རང་འགུལ་ངང་རྒྱ་ཆེའི་དཔོན་དམག་ལ་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བྱེད་པ་དང་། རྒྱལ་སྲུང་ལ་ཐུགས་ཁུར་དང་དམག་དཔུང་ལ་དགའ་ཞེན། དམག་མི་ལ་བརྩི་བཀུར་བཅས་བྱེད་པའི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་བསྐྲུན་དགོས། དམག་དཔུང་གིས་དགོངས་དོན་འདུ་ཤེས་བརྟན་པོ་བཙུགས་ནས་ས་གནས་ཀྱི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་རོགས་སྐྱོར་ཧུར་ཐག་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་མི་དམངས་ལ་བདེ་སྐྱིད་དང་ཁེ་ཕན་བསྐྲུན་དགོས། དམག་དཔུང་དང་ས་གནས་གཉིས་ཀྱིས་ཕན་ཚུན་ལ་མཐུན་སྦྱོར་དམ་པོ་བྱེད་པ་དང་། ་སྲ་ཞིང་བརྟན་པའི་དམག་སྲིད་དང་དམག་དམངས་བར་གྱི་འབྲེལ་བ་ཇེ་དམ་དང་འཕེལ་རྒྱས་བཏང་ནས་མི་དམངས་དང་རང་དམག་ལ་དགའ་བའི་དུས་རབས་ཀྱི་ལེའུ་གསར་པ་མཉམ་དུ་རྩོམ་དགོས།

ཟླ4པའི་ཚེས23ཉིན། རྒྱལ་ཡངོས་ཀྱི་གཉིས་བཀུར་དཔེ་སྟོན་རྫོང་གི་མིང་འདོགས་ཚོགས་ཆེན་པེ་ཅིན་དུ་འཚོགས། ཚོགས་འདུའི་སྟེང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་གནང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གནང་།

རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་སྟོན་རྫོང་གི་མིང་འདོགས་ཚོགས་ཆེན་ཟླ4པའི་ཚེས23ཉིན་པེ་ཅིན་དུ་འཚོགས་པ་རེད། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་གནང་ཞིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གནང་།

ལི་ཆང་གིས་གསུང་བཤད་ཁྲོད་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཉིས་བཀུར་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་ནི་ཏང་གིས་གཉིས་བཀུར་བྱ་བར་མགོ་ཁྲིད་པའི་ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་བསྡོམས་དང་རིགས་པའི་གཞུང་ལུགས་གསར་གཏོད་བྱས་པའི་གྲུབ་འབྲས་ཡིན་པས། དུས་རབས་གསར་པའི་འཐབ་ལམ་གསར་པའི་གཉིས་བཀུར་བྱ་བ་ཡག་པོར་བསྒྲུབ་པར་རྩ་བའི་སྲུང་བྱ་འདོན་སྤྲོད་བྱས། ང་ཚོས་གཉིས་བཀུར་བྱ་བ་མཐའ་གཅིག་ཏུ་ལག་ལེན་མཐར་ཕྱིན་བྱས་ཏེ་གཉིས་བཀུར་བྱ་བའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།

ལི་ཆང་གིས་གསུངས་རྒྱུར། ཉེ་བའི་ལོ་ཤས་རིང་རིམ་པ་སོ་སོའི་དམག་དཔུང་དང་ས་གནས་ཀྱིས་མཉམ་དུ་འབད་བརྩོན་བྱས་ཏེ་གཉིས་བཀུར་བྱ་བར་འཕེལ་རྒྱས་ལེགས་པོ་བྱུང་བ་དང་། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་མ་ལག་སྔར་བས་འཐུས་སྒོ་ཚང་བ། སྤྱི་ཚོགས་ཀྱི་དམག་བཀུར་རྩ་འཛུགས་དང་ཞབས་ཞུའི་དྲ་བ་སྔར་བས་འཐུས་སྒོ་ཚང་བ། དམག་ཡོངས་ཀྱི་དཔུང་སྡེ་དབུལ་ཐར་འགག་སྒྲོལ་དང་། གྲོང་གསེབ་དར་སྤེལ། མཐའ་འཁོབ་བརྟན་སྲུང་སོགས་ཀྱི་འཐབ་ཇུས་ལག་བསྟར་ཁྲོད་ཧུར་ཐག་གིས་ཞུགས་ནས། ཉེན་སེལ་རྒུད་སྐྱོབ་དང་རང་མི་ཕྱིར་ལོག་པར་སྲུང་སྐྱོབ། བརྟན་འཇགས་སྲུང་སྐྱོང་དང་ཐོལ་བྱུང་དོན་རྐྱེན་ཐག་གཅོད་སོགས་ཀྱི་ལས་འགན་གཟེངས་སུ་ཐོན་པར་བསྒྲུབས་ཡོད། དེང་སྐབས་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་། མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་སྒོ་ཀུན་ནས་སྐུལ་འདེད་གཏོང་བའི་འགག་རྩའི་དུས་སྐབས་ཤིག་ཡིན། གཉིས་བཀུར་བྱ་བར་བརྟེན་ནས། དམག་དཔུང་དང་ས་གནས་འབྲེལ་གཏུག་དང་། དམག་དམངས་མཐུན་སྒྲིལ་ཡོང་བར་བྱས་ཏེ། སེམས་ཤུགས་གཅིག་ཏུ་བསྒྲིལ་བར་ནུས་པ་སྔར་ལས་ཆེན་པོ་འདོན་དགོས་ལ། དམག་དཔུང་དང་ས་གནས་གཉིས་ཀས་རྒྱབ་སྐྱོར་བྱེད་པའི་ཐུན་མོང་མ་ཡིན་པའི་དགེ་མཚན་འདོན་སྤེལ་བྱས་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བར་སྟོབས་ཤུགས་འབུལ་དགོས།

ལི་ཆང་གིས་ནན་གྱིས་བསྟན་དོན། ས་གནས་དང་སྡེ་ཁག་སོ་སོས་རྒྱལ་སྲུང་གི་འདུ་ཤེས་དང་སྤྱི་ཡོངས་འདུ་ཤེས་བརྟན་པོར་འཛུགས་པ་དང་། དམག་དཔུང་འཛུགས་སྐྲུན་དང་བཅོས་བསྒྱུར་གྱི་གཙོ་གནད་ལ་དམིགས་ཏེ་ཐོན་ཁུངས་སྤྱི་འདོམས་ཡོང་བར་ཤུགས་སྣོན་དང་། དམག་དཔུང་དང་ས་གནས་མཐུན་སྦྱོར་དམ་པོ་ཡོང་བར་བྱས་ཏེ། རང་འགུལ་ངང་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་བསྐྲུན་པར་ཞབས་འདེགས་ཞུ་དགོས། དངོས་ཞབས་དམག་མི་དང་དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་དགོས་མཁོ་དངོས་ལ་གཅིག་གྱུར་གྱིས་བསམ་གཞིགས་བྱས་ཏེ། ཞབས་ཞུ་དང་འགན་སྲུང་བྱེད་ཐབས་གནད་དུ་འཁེལ་བར་བྱེད་པ་དང་། བུ་ཕྲུག་གི་སློབ་གསོ་དང་ཁྱིམ་མིའི་ལས་ཞུགས། ཕ་མའི་རྒན་གསོ་སོགས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ། དམག་ཁོངས་ནས་བུད་པའི་དམག་མིའི་བཀོད་སྒྲིག་དང་ལས་ཞུགས་ལས་སྐྲུན། དམིགས་བསལ་གཟིགས་སྐྱོང་དང་དཀའ་ཁག་སེལ་རོགས་སོགས་ཀྱི་བྱ་བ་ཡག་པོར་བསྒྲུབ་དགོས། དམག་དཔུང་གིས་རང་སྟེང་གི་དགེ་མཚན་ལ་བརྟེན་ནས་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཛུགས་སྐྲུན་ནང་ཞུགས་པར་རྒྱབ་སྐྱོར་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་ས་གནས་ཀྱི་རོགས་སྐྱོར་ལ་ཤུགས་སྣོན། བདེ་འཇགས་བརྟན་བརླིང་ཡོང་བར་སྲུང་སྐྱོང་བྱེད་པ་སོགས་ཀྱི་ཐད་ནུས་པ་སྔར་ལས་ཆེན་པོ་འདོན་དགོས། བཅོས་བསྒྱུར་གསར་གཏོད་གཏིང་ཟབ་ཏུ་སྤེལ་བའི་ཁྲོད། གཉིས་བཀུར་བྱ་བའི་སྤུས་ཚད་དང་ཕན་འབྲས་ཇེ་མཐོར་གཏོང་བ་དང་། རྩ་འཛུགས་དང་མགོ་ཁྲིད་ཀྱི་ནང་རྐྱེན་ཇེ་ལེགས་སུ་གཏོང་བ། གཉིས་བཀུར་དཔེ་སྟོན་ལེགས་པར་བསྐྲུན་པ། གཉིས་བཀུར་ཀྱི་སྤྱི་ཚོགས་རྨང་གཞི་སྲ་བརྟན་དང་རྒྱ་བསྐྱེད་པ་བཅས་བྱས་ཏེ། ཏང་ཀྲུང་དབྱང་གི་གཉིས་བཀུར་བྱ་བའི་ཇུས་ཆོད་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས།

ཚོགས་ཆེན་སྟེང་། རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་སྟོན་རྫོང་གི་མིང་འདོགས་པའི་སྐོར་གྱི་ཆོད་དོན་སྒྲོག་འདོན་བྱས་པར་མ་ཟད། རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་སྟོན་རྫོང་གི་འཐུས་མིར་བྱ་དགའ་གནང་། འབྲེལ་ཡོད་དམག་དཔུང་དང་ས་གནས་ཀྱི་འཐུས་མིས་གཏམ་བཤད།

ཧྲི་ཐའེ་ཧྥིན་དང་། ལི་ཧྲུའུ་ལེ། ཀྲང་ཡིའུ་ཞ། ཝང་ཏུང་མིང་། ཝུའུ་ཀྲེང་ལུང་། ཧྲེན་ཡུའེ་ཡུའེ་བཅས་ཚོགས་ཆེན་ལ་ཞུགས། ཁྲེན་དབྱི་ཆིན་གྱིས་ཚོགས་ཆེན་ལ་མགོ་འཛིན་མཛད།

རྒྱལ་ཡོངས་གཉིས་བཀུར་དཔེ་སྟོན་རྫོང་གི་མིང་བཏགས་འཐུས་མི་དང་། རྒྱལ་ཡོངས་གཉིས་བཀུར་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཁོངས་མི། དམག་དཔུང་དང་ས་གནས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་གི་གཉིས་བཀུར་བྱ་བའི་མགོ་ཁྲིད་ཚན་ཆུང་དང་། གཉིས་བཀུར་གཞུང་ལས་ཁང་གི་འགན་འཁུར་བློ་མཐུན་སོགས་ཚོགས་ཆེན་ལ་ཞུགས། །