མཛོད་དགེ་རྫོང་ཁྲིམས་འཛིན་ཅུས་ཀྱིས་ཁྲིམས་སྐྱོང་སྒྲོག་འགྲེལ་ཡོངས་སུ་ཁེབས་པར་སྤེལ།

སྟོན་ཁའི་སློབ་མགོ་ཚུགས་པ་ནས་བཟུང་། མཛོད་དགེ་རྫོང་ཁྲིམས་འཛིན་ཅུས་ཀྱིས་སློབ་མགོ་གསར་ཚུགས་ཀྱི་ཁྲིམས་སྐྱོང་སློབ་ཐུན་དང་པོའི་གོ་སྐབས་དམ་འཛིན་སྒོས། ཁྲིམས་སྐྱོང་འཆད་ཁྲིད་སྟ་གོན་ཞིབ་ཚགས་བྱས་ཏེ། སྒྲོག་འགྲེལ་རུ་ཁག་རྩ་འཛུགས་ཀྱིས་ལྷ་མོ་སློབ་འབྲིང་དང་གདོང་སྣེ་སློབ་འབྲིང་དུ་བསྐྱོད་ནས། སློབ་མགོ་གསར་ཚུགས་ཀྱི་ཁྲིམས་སྐྱོང་སློབ་ཐུན་དང་པོ་དང་ཁྲིམས་སྐྱོང་སྒྲོག་འགྲེལ་ཡོངས་ཁེབས་བྱེད་སྒོ་སྤེལ་བ་དང་། སློབ་གསོ་ཐེབས་པའི་དགེ་སློབ་མི་ཐེངས1000ལྷག་ཟིན།
སྒྲོག་འགྲེལ་མི་སྣས་གཞོན་ནུ་ལོ་ཆུང་གི་ལུས་སེམས་ཀྱི་ཁྱད་ཆོས་དང་གོ་རྟོགས་ཀྱི་ཆུ་ཚད། བསམ་བློའི་བླང་དོར་ནུས་པ་བཅས་གཞིར་བཟུང་སྟེ། གཞོན་ནུའི་ཁྲིམས་འགལ་ཉེས་གསོག་དང་སློབ་རའི་བརྙས་བཅོས། དུག་རྫས། གློག་འཕྲིན་མགོ་སྐོར་སོགས་ཀྱི་གནད་དོན་ལ་དམིགས་ནས། གྱོད་དཔེ་ཡིས་བཅའ་ཁྲིམས་གསལ་འགྲེལ་དང་དཔེ་དོན་གྱིས་སྲིད་ཇུས་གསལ་འགྲེལ་སྒོས། སློབ་གསོ་ལེགས་པར་བཏང་ནས་གཞོན་ནུ་ལོ་ཆུང་གི་བདེ་འཇགས་རང་སྲུང་ཤེས་བྱ་ཁྱབ་གདལ་བཏང་སྟེ། སློབ་མས་ཚེ་སྲོག་ལ་གཅེས་སྤྲས་དང་བཅའ་ཁྲིམས་ལ་བཀུར་སྲུང་བྱེད་པའི་ཁྲིམས་སྐྱོང་འདུ་ཤེས་ཇེ་ཆེར་བཏང་།
ཁྲིམས་ལ་བརྟེན་ནས་ལང་ཚོ་སྲུང་སྐྱོང་བྱེད་ཅིང་། གཞོན་ནུ་ནི་རྒྱལ་ཁབ་ཀྱི་མ་འོངས་པ་དང་མི་རིགས་ཀྱི་རེ་བ་ཡིན་པས། རྗེས་སོར་རྫོང་ཁྲིམས་འཛིན་ཅུས་ཀྱིས་ཁྲིམས་སྐྱོང་གིས་གཞོན་ནུའི་བདེ་ཐང་འཚར་ལོང་སྲུང་སྐྱོང་གི་འགན་ནུས་ལེགས་པར་བཏོན་ཏེ། ནང་དོན་ཕུན་སུམ་ཚོགས་ཤིང་རྣམ་པ་སྣ་མང་ཅན་གྱི་ཁྲིམས་སྐྱོང་སྒྲོག་འགྲེལ་བྱེད་སྒོ་སྤེལ་ནས། གཞོན་ནུའི་ཁྲིམས་སྐྱོང་སློབ་གསོར་ཤུགས་སྣོན་སྒོས། གཞོན་ནུའི་བདེ་ཐང་འཚར་ལོངས་དང་ཕུགས་བསམ་ལ་སྲུང་སྐྱེལ་བྱེད་རྒྱུ་རེད།