ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་ཞིང་པ་དང“ཞིང་གསུམ”འཐབ་ཕྱོགས་སུ་ལས་དོན་སྒྲུབ་བཞིན་པའི་བློ་མཐུན་ཚོར་དུས་ཆེན་གྱི་རྟེན་འབྲེལ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ།

ཡོང་ཁུངས། མི་དམངས་དྲ་བ།
སྤེལ་དུས།: ༢༠༢༢ ལོའི་ཟླ་ ༩ ཚེས་ ༢༦


     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་22ཉིན་གློག་འཕྲིན་འབྱོར་གསལ། “ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན”ཐེངས་ལྔ་པ་འཆར་ཉེའི་མཚམས་སུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ་རྒྱལ་ཡོངས་ཀྱི་རྒྱ་ཆེའི་ཞིང་པ་དང“ཞིང་གསུམ”འཐབ་ཕྱོགས་སུ་ལས་དོན་སྒྲུབ་བཞིན་པའི་བློ་མཐུན་ཚོར་དུས་ཆེན་གྱི་རྟེན་འབྲེལ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་རེད།

     ཞི་ཅིན་ཕིང་གིས། འདི་ལོ་ང་ཚོས་ན་ནིང་བྱང་ཕྱོགས་སུ་མཐོང་དཀོན་པའི་སྟོན་ཆར་དང་སྟོན་ཀའི་འབྲུབ་ཆུ་དང་། དགུན་གྲོ་རྒྱ་ཁྱོན་ཆེན་པོས་བཏབ་འགོར་དུ་སོང་བ། ས་ཁུལ་ཁ་ཤས་སུ་ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པ་བཅས་ཁྱད་དུ་བསད་པ་དང་ལྷོ་ཕྱོགས་ཀྱི་ས་ཁུལ་ཁ་ཤས་སུ་ཐོན་པའི་དྲོད་ཚད་ཤིན་ཏུ་མཐོ་བ་དང་ཐན་སྐྱོན་གྱི་འགྲན་སློང་ལ་ཁ་གཏད་བཅག་སྟེ། དབྱར་འབྲུ་དང་སྔ་སྨིན་ཆུ་འབྲས་ཐོན་འཕར་བྱུང་བ་དང་འབྲུ་རིགས་ཐོན་སྐྱེད་ལ་སླར་ཡང་ལོ་ལེགས་ཡོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

     ཞི་ཅིན་ཕིང་གིས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས“ཞིང་གསུམ”ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་སྲིད་ཇུས་མཛད་ཕྱོགས་དང་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བསྟར་ཏེ། འབྲུ་རིགས་བདེ་འཇགས་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཞིང་ལས་ཀྱི་གཞི་རྩའི་གནས་བབ་བརྟན་དུ་གཏོང་བ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ནས་གྲོང་སྡེ་དེ་བས་འབྱོར་ཕྱུག་དང་། འཚོ་བ་དེ་བས་སྐྱིད་པ། གྲོང་གསེབ་དེ་བས་མཛེས་པ་བཅས་ཡོང་བར་སྐུལ་འདེད་གཏོང་དགོས། རྒྱལ་ཡོངས་ཀྱི་རྒྱ་ཆེའི་ཞིང་པ་ཚོས་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་གྱི་ལག་ལེན་དངོས་ནང་ཧུར་ཐག་ཞུགས་ཏེ་འཚོ་བ་ཉིན་རེ་བཞིན་སྐྱིད་དུ་འགྲོ་བ་དང་ཉིན་རེ་བཞིན་ཆུ་ཚད་གསར་པ་ཞིག་ཏུ་སླེབས་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད།