ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པར་ཞུགས་པའི་འཐུས་མི་བདམས་ཐོན་བྱུང་།
ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པར་ཞུགས་པའི་འཐུས་མི་ཚང་མ་བདམས་ཐོན་བྱུང་།
བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་དབུ་ཁྲིད་འོག །ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་འདེམས་བསྐོའི་ལས་དོན་བདེ་བླག་ངང་ལེགས་གྲུབ་བྱུང་། རྒྱལ་ཡོངས་ཀྱི་འདེམས་བསྐོའི་སྡེ་ཚན་སོ་སོས་ཏང་གི་འཐུས་མིའི་ཚོགས་ཆེན་ནམ་ཏང་གི་འཐུས་མིའི་གྲོས་ཚོགས་འཚོགས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པར་ཞུགས་པའི་འཐུས་མི་2296བདམས་ཐོན་བྱུང་བ་རེད།
ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་རྣམས་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་བྱ་རྒྱུ་རྒྱུན་འཁྱོངས་དང་། ཏང་གི་སྒྲིག་ཡིག་རྩ་བའི་གཞི་འཛིན་སར་བྱ་རྒྱུ་རྒྱུན་འཁྱོངས། ཏང་གི་ངོ་བོ་དང་དམིགས་ཡུལ་རྒྱུན་འཁྱོངས། ཏང་གི་ཁྱོན་ཡོངས་ཀྱི་དབུ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ། ཏང་ནང་གི་དམངས་གཙོ་དར་སྤེལ་གང་ལེགས་བྱས་ཏེ། འཐུས་མི་འདེམས་བསྐོའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་བླང་བྱ་ལྟར་འོག་ནས་གོང་བར་དང་། གོང་འོག་ཟུང་འབྲེལ། ཡང་ཡང་ནང་མོལ་དང་རིམ་པ་བཞིན་འདེམས་པ་བཅས་ཀྱི་བྱ་ཐབས་སྤྱད་དེ་ཐོན་པ་ཞིག་རེད།
བདམས་ཐོན་བྱུང་བའི་འཐུས་མིར་སྤྱིའི་ཆ་ནས་ཏང་ཀྲུང་དབྱང་གིས་གཏན་འབེབས་བྱས་པའི་ཆ་རྐྱེན་དང་མཐུན་ཞིང་། བསམ་བློ་དང་ཆབ་སྲིད་ཀྱི་བྱང་ཚད་ཅུང་མཐོ་བ་དང་། སྤྱོད་ཚུལ་བཟང་པོ། གྲོས་དོན་གྱི་ནུས་པ་ཅུང་ཆེ་བ་བཅས་ལྡན་ཡོད་པས། རང་རང་གི་ལས་གནས་ཐོག་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་ཅིང་། གུང་ཁྲན་ཏང་ཡོན་ཁྲོད་ཀྱི་ཕུལ་བྱུང་ཅན་ཡིན། འཐུས་མིའི་གྲུབ་ཚུལ་དང་ཁྱབ་ཚུལ་ཅུང་ལུགས་མཐུན་ཡིན་པ་དང་། གྲུབ་ཚུལ་གྱི་བསྡུར་ཚད་ཁག་ཚང་མ་ཏང་ཀྲུང་དབྱང་གི་བླང་བྱ་དང་མཐུན་ཞིང་། འཐུས་ཚབ་རང་བཞིན་རྒྱ་ཁྱབ་ལྡན་པ་རེད། ཁོང་ཚོའི་ཁྲོད་དུ་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་ཡོད་ལ་ཐོན་སྐྱེད་དང་ལས་ཀའི་འཐབ་ཕྱོགས་དང་པོའི་ཏང་ཡོན་ཡང་ཡོད། བུད་མེད་ཏང་ཡོན་དང་གྲངས་ཉུང་མི་རིགས་ཀྱི་ཏང་ཡོན་ངེས་ཅན་ཡོད་པ་དང་། དཔལ་འབྱོར་དང་ཚན་རྩལ། རྒྱལ་སྲུང་། སྲིད་ཁྲིམས། སློབ་གསོ། དྲིལ་བསྒྲགས། རིག་གནས། འཕྲོད་བསྟེན། ལུས་རྩལ། སྤྱི་ཚོགས་དོ་དམ་སོགས་ཁྱབ་ཁོངས་ཁག་གི་འཐུས་མི་ཡོད་པ་རེད།
ཏང་གི་ཚོགས་ཆེན་ཉི་ཤུ་པར་ཞུགས་པའི་འཐུས་མིའི་ཐོབ་ཐང་ནི་སྐབས་ཐོག་ད་དུང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཞིབ་བཤེར་ངོས་འཛིན་བྱེད་དགོས། །