སྡེ་རོང་རྫོང་གིས“དཔེ་དེབ་ཁང་ལ་བཀྲག་མདངས་བསྣན་པ”ཞེས་པའི་དང་བླངས་པའི་ཞབས་ཞུའི་བྱ་འགུལ་སྤེལ་བ།
ཞིང་པའི་དཔེ་དེབ་ཁང་བསྐྲུན་རྒྱུར་ཤུགས་སྣོན་རྒྱག་པ་དང་དམངས་ཡོངས་ཀྱི་དཔེ་དེབ་ཀློག་པའི་བྱ་འགུལ་སྤེལ་རྒྱུར་སྔར་བས་སྐུལ་འདེད་གཏོང་ཆེད། ཉེ་ཆར། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་རོང་རྫོང་ཨུ་དྲིལ་སྒྲོག་པུའུ་ཡིས་དང་བླངས་པ་སྒྲིག་འཛུགས་བྱས་ཏེ“དཔེ་དེབ་ཁང་ལ་བཀྲག་མདངས་སྣོན་པ”ཞེས་པའི་བྱ་འགུལ་སྤེལ་བ་རེད།
དགེ་འདུན་པ་དང་། སློབ་མ། ཞིང་འབྲོག་མང་ཚོགས་བཅས་ལ་དཔེ་དེབ་གཅེས་སྐྱོང་དང་དཔེ་དེབ་གཡར་རྗེས་དཔེ་དེབ་སྔར་ཡོད་ཀྱི་གནས་སུ་འཇོག་པའི་གོམས་གཤིས་ཆགས་པར་བྱས་ནས། ཚང་མར་གཙང་ཞིང་གྲལ་འགྲིག་པ་དང་དྭངས་གཙང་། སྐྱིད་སྣང་ལྡན་པའི་ལྟ་ཀློག་ཁོར་ཡུག་ཅིག་བསྐྲུན་ཆེད། དང་བླངས་པ་ཚོས་ཕུ་ཐུང་བརྫེས་ནས་ལག་ཕྱིས་འཁྱེར་ཏེ་གཟེབ་བྱང་དང་། ཕྱགས་མ་སོགས་འཁྱེར་ནས་དཔེ་སྒྲོམ་གཙང་སྦྲ་བྱས་པ་དང་། ཆག་གྲུམ་བྱུང་བའི་དཔེ་དེབ་བསྡུ་རུབ་བྱེད་པ། དཔེ་དེབ་རིགས་དབྱེ་ནས་ལེགས་སྒྲིག་བྱེད་པ། དཔེ་དེབ་གསར་པ་ཐོ་འགོད་པ་སོགས་བྱས་པ་རེད།