ཇ་ལོ་ཇ་ལས་སུ་བསྒྱུར་ནས། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་བྱས།
ཡོང་ཁུངས། ངེད་དྲ་བ།
སྤེལ་དུས།: ༢༠༢༡ ལོའི་ཟླ་ ༡༢ ཚེས་ ༣༡
ཇ་ལོ་ཇ་ལས་སུ་བསྒྱུར་ནས། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་བཏང་། བརྒྱད་ཟིལ་རྫོང་ཁེ་རྡོ་གྲོང་རྡལ་གྱི་ཇའི་ཐོན་ལས་འཕེལ་རྒྱས།

བརྒྱད་ཟིལ་རྫོང་གི་ཁེ་རྡོ་གྲོང་རྡལ་ནི་དག་གཙང་གྲ་འགྲིག་ལ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གསར་དར་གྲོང་རྡལ་ཆུང་ངུ་ཞིག་ཡིན། དེ་ཡང་སྨུག་སྤྲིན་ལྷོད་ལྷོད་རྒྱུ་བའི་སྔོ་ལྗང་ལྗང་གི་རི་བོའི་ཁྲོད་དུ་གནས་ཡོད་ལ། སྔོ་ལྗང་སྣུམ་ཤིག་ཤིག་གི་ཇ་ཞིང་ར་བ་དང་ཚོན་མདོག་དཀར་པོ་བྱུག་པའི་ཁང་པ་གཉིས་ལས་རང་བྱུང་གི་སྣུམ་ཚོན་རི་མོ་ཞིག་མ་བཅོས་ལྷུན་གྱིས་གྲུབ་འདུག །

མིག་སྔར་གྲོང་གསེབ་དར་རྒྱས་གཏོང་བའི་འཆར་འགོད་གཞིར་བཟུང་ནས། གློག་ཤུགས་དང་འཕྲིན་གཏོང་། སྡོད་ཁང་དང་འགྲོ་ལམ་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང“གསང་སྤྱོད་གསར་བརྗེ”ཡུར་ཆུ་བཅོས་སྒྲིག་དང་གད་སྙིགས་རྫིང་བུ་འཛུགས་སྐྲུན་སོགས་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྐྱོང་ལེགས་སྒྲུབ་བྱས།

2021ལོར་ཁེ་རྡོ་གྲོང་རྡལ་ལ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ཡིད་དབང་འཕྲོག་པའི་ཤང་གྲོང་གི་བྱ་དགའ་ཨང་དང་པོ་ཐོབ་པ་དང་། སི་ཁྲོན་ཞིང་ཆེན་གྱི་ཆེས་ཐོག་མའི་ཡིད་དབང་འཕྲོག་པའི་ཤང་གྲོང་བརྒྱ་ཡི་མཚན་སྙན་དང་སི་ཁྲོན་རིག་གནས་དར་སྤེལ་དཔེ་སྟོན་གྲོང་རྡལ་གྱི་མཚན་སྙན་ཐོབ།
ཉེ་བའི་ལོ་ཤས་རིང་། བརྒྱད་ཟིལ་རྫོང་ཁེ་རྡོ་གྲོང་རྡལ་གྱིས་གྲོང་གསེབ་དར་རྒྱས་གཏོང་བའི་ཡིག་འབྲུ་20ཡི་བྱེད་ཕྱོགས་ལག་ལེན་དུ་བཟུང་ནས། “ཏང་འཛུགས་སྐྱོང་ལ་གཅིག་འདོམས་དང་། ཐོན་ལས་འཕེལ་རྒྱས་དེ་གཙོ་བོར་འཛིན་པ་དང་། མང་ཚོགས་ཀྱི་ཡོང་འབབ་མཐོ་རུ་གཏོང་རྒྱུ་དེ་དམིགས་འབེན་དུ་འཛིན་པ། གཞི་རིམ་བཅོས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་དེ་དམ་འཛིན་བྱེད་པ”བཅས་རྒྱུན་འཁྱོངས་བྱས་ནས། ཁྱོན་ཡོངས་དང་བརྟན་བརླིང་། གོ་རིམ་ཡོད་པ་བཅས་ཀྱི་སྒོ་ནས་གྲོང་གསེབ་དར་རྒྱས་གཏོང་རྒྱུ་སྐུལ་འདེད་བཏང་སྟེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་ཆད་མེད་པར་བརྟན་དུ་བཏང་ཡོད། །
ཐོན་ལས་དཔལ་འབྱོར་གྱི་སྣེ་ཁྲིད་འོག །མི་དམངས་མང་ཚོགས་ཀྱི་འཚོ་བ་དེ་ཁེ་རྡོ་གྲོང་རྡལ་རི་སུལ་གྱི་ཇ་ལོ་དང་འདྲ་བར། ཚེ་སྲོག་ལ་ལང་ཚོའི་དཔལ་ཡོན་རྒྱས་བཞིན་འདུག །