རྒྱལ་ཡོངས་ཀྱི་སྐྱེ་ཁམས་དཔེ་སྟོན་ཁུལ་བསྐྲུན་པར་སྐུལ་འདེད་བཏང་།
ཡོང་ཁུངས། རྔ་སྒྲ།
སྤེལ་དུས།: ༢༠༢༡ ལོའི་ཟླ་ ༡༢ ཚེས་ ༢༠
----རྔ་བ་ཁུལ་གྱིས་རྒྱལ་ཡོངས་ཀྱི་སྐྱེ་ཁམས་འཛུགས་སྐྲུན་དཔེ་སྟོན་ཁུལ་བསྐྲུན་པར་སྐུལ་འདེད་བཏང་།

རང་ཁུལ་ནི་སི་ཁྲོན་ཞིང་ཆེན་ཙམ་དུ་མ་ཟད་ནུབ་རྒྱུད་ས་ཁུལ་གྱི་སྐྱེ་ཁམས་སྒྲིབ་ཡོལ་གལ་ཆེན་ཞིག་ཡིན་ཏེ། འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ཁུངས་གསོ་སྐྱོངས་ཁུལ་གལ་ཆེན་ཞིག་ཡིན་པས། རྒྱལ་ཁབ་ཀྱིས་དབྱེ་འབྱེད་གཏན་འབེབས་བྱས་པའི་སྐྱེ་ཁམས་ནུས་ཁུལ་གཙོ་གནད་ཅིག་རེད། སྐྱེ་ཁམས་ནི་རྔ་བ་ས་ཁུལ་ལ་མཚོན་ན་ཤིན་ཏུ་གལ་ཆེན་བར་སྨྲོས་ཅི་དགོས། ཉེ་བའི་ལོ་ཤས་རིང་། རྔ་བ་ཁུལ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཤིང་། ཕྱོགས་ཡོངས་དང་། བརྒྱུད་རིམ་ཆ་ཚང་བར་སྐྱེ་ཁམས་འཛུགས་སྐྲུན་དང་སི་ཁྲོན་ནུབ་བྱང་རྒྱུད་ཀྱི་རྔ་བའི་སྐྱེ་ཁམས་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་བྱེད་སྟབས་ཇེ་མགྱོགས་སུ་བཏང་། ཧུར་ཐག་གིས་སྐྱེ་ཁམས་ཉམས་ཞན་ས་ཁུལ་ལ་ཕྱོགས་བསྡུས་ཉམས་གསོ་བཅོས་སྐྱོང་གི་དཔེ་གཞི་དང་། སི་ཁྲོན་ནུབ་བྱང་རྒྱུད་ཀྱི་མཐོ་སྒང་སྐྱེ་ཁམས་མ་ལག་སྲུང་སྐྱོང་དང་རིམ་སྤོར་གྱི་དཔེ་གཞི། འཛམ་གླིང་གི་རང་བྱུང་ཤུལ་བཞག་ས་ཁུལ་གྱི་གནོད་རྗེས་བསྐྱར་གསོ་དར་སྤེལ་གྱི་དཔེ་གཞི་བཅས་གསར་བསྐྲུན་བྱས་ནས། སྐྱེ་ཁམས་ཟམ་མི་ཆད་པར་ཤུགས་ཆེར་གཏོང་བ་དང་། ཁོར་ཡུག་རྒྱུན་མཐུད་ཀྱིས་ལེགས་བསྒྱུར། དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་བའི་བགྲོད་ལམ་གསར་བ་ཞིག་འཚོལ་ཞིབ་བྱས།

སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་ཁོག་ཡུག་སྲུང་སྐྱོང་གི་རྩོད་སྒྲུབ་གཅིག་གྱུར།
ནམ་མཁའ་གཡའ་དག་ཅིང་ས་གཞིར་སྔོ་ལྗང་གི་གོས་ཆེན་བཀླུབས་པ། དྭངས་བསིལ་ཆུ་བོ་འབབ་ཅིང་མཁའ་དབུགས་དྭངས་ཤིང་གཙང་བའི་མཛེས་སྡུག་ལྡན་པའི་གནས་མཆོག་རྔ་བའི་ཉམས་དགའ་བའི་གནས་བབ་ཅིག་བསྐྲུན་རྒྱུ་དེ་ནི། རྔ་བའི་མི་དམངས་ཡོངས་ཀྱི་མ་བགྲོས་གཅིག་མཐུན་གྱི་རེ་འདུན་དང་ཕུགས་བསམ་ཡིན་ལ། སྐབས་རིམ་བྱུང་གི་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འགོ་ཁྲིད་ཚན་ཁག་གི་གཟི་བརྗིད་ཀྱིས་ཕྱུག་པའི་དམ་བཅའ་ཡང་ཡིན། ཕུགས་བསམ་དེས་རྔ་བ་ཁུལ་མི་དམངས་མང་ཚོགས་ཀྱི་ལོ་རྒྱུས་ཀྱི་མཐུན་རྐྱེན་གསར་བའི་ཁྲོད་ཀྱི་འཚོ་བའི་སྤུས་ཚད་མངོན་ཡོད། དམ་བཅའ་དེས་རྔ་བ་ཁུལ་གྱིས་སྔོན་ལ་སྣོད་བཅུད་དང་ལྗང་མདོག་གི་འཕེལ་རྒྱས་གཏོང་བའི་སྲིད་ཇུས་ཀྱི་ཁ་ཕྱོགས་མཚོན་ཡོད།

མཛོད་དགེའི་བརླན་ས་དང་། གཟི་རྩ་སྡེ་དགུ། གསེར་མཚོ། དར་ཁོག་འཁྱགས་རོམ། དོམ་ཁྲ་ཆེན་མོ། ཁྲུང་ཁྲུང་སྐེ་ནག་སོགས་ཀྱིས་མཚོན་པས་སྐྱེ་ཁམས་སྣོད་བཅུད་ཀྱིས་ཕྱུག་པའི་རྔ་བ་ཁུལ་གྱིས་མི་རྣམས་ལ་སྐྱེ་ཁམས་ཀྱི་མཛེས་པ་བརྗོད་དུ་མེད་པ་ཞིག་མིག་གི་ལོངས་སྤྱོད་དུ་ཕུལ་ཡོད།
གནས་འདི་རུ་འཛམ་གླིང་རིམ་པའི་རང་བྱུང་ལྗོངས་སྐོར་ཐོན་ཁུངས་ཤིན་ཏུ་མང་ན་ཡང་། སྐྱེ་ཁམས་སྲུང་སྐྱོང་གི་ཚད་ཐིག་ལ་གཞིགས་ཏེ། རང་ཁུལ་གྱིས་ལྗོངས་སྐོར་ཐོན་ཁུངས་གསར་སྤེལ་བྱེད་པའི་སྐབས་སུ་ཡང་། ལུགས་མཐུན་འོས་མཐུན་གྱི་ཕྱོགས་ལ་རབ་ཏུ་བསྒྲིམས། དེ་ལྟར། སྐྱེ་ཁམས་སྲུང་སྐྱོང་གི་ཚད་ཐིག་མི་འདའ་བའི་དུས་མཚུངས་སུ། རང་སྟེང་གི་ལྗང་མདོག་ཐོན་ཁུངས་ཀྱི་དགེ་མཚན་ལ་བརྟེན་ནས། སྐྱེ་ཁམས་དཔལ་འབྱོར་ཤུགས་ཀྱིས་སྤེལ་ཅིང་། སྐྱེ་ཁམས་ཞིང་ལས་དང་། སྐྱེ་ཁམས་ལྗོངས་སྐོར། ནུས་ཁུངས་གཙང་སེལ། སྐྱེ་ཁམས་བཟོ་ལས་སོགས་ཐོན་ལས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། མི་དམངས་མང་ཚོགས་དབུལ་བྲལ་ཕྱུག་འགྱུར་གྱི་ལམ་བུར་ཁྲིད།

རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རིའི་འདུ་ཤེས་ཀྱི་དུས་རབས་ཀྱི་བླང་བྱ་ལག་བསྟར་བྱས་པ།
དགུན་མགོ་མར། རྔ་བ་རྫོང་གི་མནྜལ་ཐང་རླན་ས་རུ། ཁྲུང་ཁྲུང་སྐེ་ནག་ཁྱུ་གཅིག་གིས་གཤོག་འགྱུར་གྱི་གར་སྟབས་སྒྱུར་བཞིན་ལྷིང་འཇགས་ཀྱི་རྩྭ་ཐང་ལ་སྔར་མེད་ཀྱི་མཛེས་སྡུག་གསར་བ་ཞིག་བསྩལ། འདི་ལྟ་བུའི་མཛེས་པ་ལོངས་སུ་སྤྱོད་ཐུབ་པ་ནི་རྔ་བ་རྫོང་གིས་མནྜལ་ཐང་རླན་ས་ལ་དམིགས་ནས་སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོ་བྱས་པའི་གྲུབ་འབྲས་ལས་བྱུང་བ་རེད་ལ། དེར་ཚན་རྩལ་སློབ་གསོ་ཁྱབ་སྤེལ་དང་། ཨ་བྲའི་གནོད་འཚེས་བྱེ་འགྱུར་གནད་དོན་ལ་བཅོས་སྐྱོང་། རྩྭ་ས་སླར་གསོ་སོགས་ཀྱང་འདུ།
གཞི་གྲངས་ལས་མཚོན་པ་ལྟར་ན། མནྜལ་ཐང་གི་རྩྭ་སའི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་དེ་2016ལོའི་བརྒྱ་ཆ་76.9ནས་2020ལོའི་བརྒྱ་ཆ་83.5ལ་ཡར་འཕགས་པ་དང་། ཨ་བྲ་དང་བྱི་ལོང་འདུས་ཚད་ཆེས་ཆེ་བ་རིམ་བཞིན་དུ་2003ལོར་སྤྱི་ཆིང་རེར་739དང་56ནས་2021ལོར་སྤྱི་ཆིང་རེར་323དང་30རུ་མར་ཆགས།

ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་འབད་འབུངས་ལྷོད་མེད་ཀྱི་གྲུབ་འབྲས་སུ། མིག་སྔར། ཁུལ་ཡོངས་ཀྱི་སྔོ་ཁེབས་ཁྱབ་ཚད་བརྒྱ་ཆ83ཡན་ཟིན་པ་དང་། འབྲི་ཆུ་དང་རྨ་ཆུར་རིམ་བཞིན་བྱེ་མ་འདྲེན་ཚད་ལོ་རེར་ཆ་སྙོམས་ཏུན་ཁྲི་15.2དང་1.2ཇེ་ཉུང་དུ་གྱུར་ཡོད། ཁོར་ཡུག་དང་མཁའ་རླུང་གི་སྤུས་ཚད་ཞིང་ཆེན་དང་རྒྱལ་ཡོངས་ཀྱི་མདུན་གྲས་སུ་སླེབས་ཡོད།

ཐོན་སྐྱེད་འཕེལ་རྒྱས་དང་འཚོ་བ་ཕྱུག་འགྱུར། སྐྱེ་ཁམས་ལེགས་འགྱུར་གྱི་དཔལ་ཡོན་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་པ།
ཞོགས་པར་ཕྱི་ལ་སོང་སྟེ་རི་ལ་སྐོར་ཞིབ་བྱས་ཤིང་། ཕྱི་དྲོ་ཆུ་ཚོད་5པར་ཕྱིར་ཁྱིམ་དུ་ལོག་པ་འདི་ནི། ལོ་ན56ལ་སླེབས་པའི་རོང་ཀང་གི་ཉིན་གཅིག་གི་ལས་ཀ་རེད། རོང་ཀང་ནི་ཟུང་ཆུ་རྫོང་རྒྱལ་གཉེར་ནགས་ཚལ་སྲུང་སྐྱོང་ཅུས་ཀྱི་ལས་བཟོ་བ་ཡིན་ལ། ཞོ་ཞིན་ཡུལ་ཚོའི་སྐྱེ་ཁམས་ནགས་སྲུང་བ་རེད།

