སྡེ་དགེ་ནས་སྒོར་འབུམ6ལྷག་ཟིན་པའི་ལྐོག་རྔོན་གྱོད་གཞི་ཞིག་རྩད་ཆོད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
སྤེལ་དུས།: ༢༠༢༡ ལོའི་ཟླ་ ༡༡ ཚེས་ ༢༥

དེ་སྔའི་མྱུལ་ཞིབ་བྱས་པ་བརྒྱུད། ས་གནས་ས་ཐོག་ནས་བླངས་པའི་དཔང་རྟགས་ཁྲོད་ཉེན་རྟོག་ཕྱོགས་ཀྱིས་ཉེས་གསོག་དོགས་ཅན་4ཡི་ཆ་འཕྲིན་ཁོང་དུ་ཆུད་པ་རེད། སྤྱི་ཟླ་11པའི་ཚེས་16ཉིན། ཆེད་དོན་གྱོད་གཞིའི་ཉེན་རྟོག་པས་དེའི་ཁྲོད་ཀྱི་ཉེས་གསོག་དོགས་ཅན་སྒྲོལ་ཆེ་གེ་མོ་(ཕོ། ལོ་31)ཨོ་ཆེ་གེ་མོ་(ཕོ། ལོ་34)ཐུབ་ཆེ་གེ་མོ་(ཕོ། ལོ་27)གསུམ་པོ་སྡེ་དགེ་རྫོང་ཨ་ཕྱུག་གྲོང་རྡལ་གྱི་མགྲོན་ཁང་ཞིག་ཏུ་བསྡད་ཡོད་པ་དང་། དེ་དང་ཆབས་ཅིག་ཉེས་གསོག་དོགས་ཅན་ཀ་ཆེ་གེ་མོ(ཕོ། ལོ་25)རྟའུ་རྫོང་ཁོངས་སུ་གབ་ཡོད་པ་ཤེས་རྟོགས་བྱུང་ཡོད། སྡེ་དགེ་ཉེན་རྟོག་ཕྱོགས་དང་རྟའུ་ཉེན་རྟོག་ཕྱོགས་ཀྱིས་མཉམ་འབྲེལ་ཐོག་འཛིན་བཟུང་བྱས་པ་དང་ཉེས་གསོག་དོགས་ཅན་4དུས་གཅིག་ཏུ་འཛིན་བཟུང་བྱས་པ་རེད། ཉེན་རྟོག་ཕྱོགས་ཀྱིས་ཁུངས་སྣེ་ལ་བརྟེན་ནས་ད་དུང་ཁྲིམས་འགལ་ངང་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་དེའི་ཐོན་རྫས་ཉོ་སྒྲུབ་བྱེད་མཁན་ཉེས་གསོག་དོགས་ཅན་བསྟན་ཆེ་གེ་མོ་ (ཕོ། ལོ་53)འཛིན་བཟུང་བྱས་པ་རེད།
འདྲི་ཞིབ་བྱས་པ་བརྒྱུད་ཤེས་རྟོགས་བྱུང་བར་གཞིགས་ན། ཉེས་གསོག་དོགས་ཅན་གྱིས་ད་ལོའི་སྤྱི་ཟླ་9པ་ནས་10པའི་བར་སྔ་རྗེས་སུ་སྡེ་དགེ་རྫོང་རྫོགས་ཆེན་གྲོང་རྡལ་ཟེར་ཆེན་གྲོང་ཚོའི་རི་བོ་ཞིག་གི་སྟེང་ཐེངས་10ལྷག་ཙམ་བསྐྱོད་དེ་ལྕགས་སྐུད་དོང་རྙི་ཁྱོན་1000ལྷག་ཙམ་བསྒར་ནས་བདག་ཏུ་མ་བཟུང་བའི་སྲོག་ཆགས་བསད་པ་རེད། དེའི་ཁྲོད་ནས་གླ་རྩི་6བཙོངས་པ་དང་ཁེ་བཟང་སྒོར་ཁྲི་5ཙམ་ཐོབ། བརྟག་དཔྱད་རགས་ཙམ་བྱས་པ་བརྒྱུད་ཤེས་རྟོགས་བྱུང་བར་གཞིགས་ན། གྱོད་གཞི་འདིའི་གྱོད་འབྲེལ་རིན་ཐང་སྒོར་ཁྲི་60ལྷག་ཙམ་ཟིན་ཞིང་། ཉེ་བའི་ལོ་ཤས་རིང་དཀར་མཛེས་ཁུལ་དུ་ཐོན་པའི་ཤིན་ཏུ་མཐོང་དཀོན་པའི་ལྐོག་རྔོན་གྱོད་གཞི་ཚབས་ཆེན་ཞིག་རེད། མིག་སྔར་ཉེས་གསོག་དོགས་ཅན་5ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་ཟིན་པ་དང་གྱོད་གཞི་འདི་མུ་མཐུད་མྱུལ་ཞིབ་བྱེད་བཞིན་ཡོད་པ་རེད།