རང་ལ་ནད་དུག་འགོས་རྗེས་སྦ་གསང་བྱས་པས་ཁྲིམས་ཆད་ཕོག
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
སྤེལ་དུས།: ༢༠༢༡ ལོའི་ཟླ་ ༡༡ ཚེས་ ༡༠
སྤྱི་ཟླ་11པའི་ཚེས་5ཉིན། སི་ཁྲོན་ཞིང་ཆེན་ཏ་ཀྲོའུ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་སྤྱི་ལོ་2020ལོའི་ལོ་འཁོར་གྱི་གྲོང་ཁྱེར་ཧྲིལ་པོའི་ཁྲིམས་ཁང་གི་དཔེ་མཚོན་གྱོད་གཞི་ཆེན་པོ་བཅུ་ཁྱབ་བསྒྲགས་བྱས་ཡོད།
དེའི་ཁྲོད། གྱོད་དཔེ་དང་པོ་ནི་ཞུ་སྦྱོར་ཕྱི་མ་ཀྲུང་ཆེ་གེ་མོས་རིམས་ནད་འགོག་བཅོས་ལ་འགལ་རྐྱེན་བཟོས་པའི་གྱོད་གཞི་དེ་ཡིན།དེ་ཡང་། མི་དེས་རྐང་བཙུགས་ནས་འགུལ་སྐྱོད་བྱ་ཡུལ་དང་འབྲེལ་གཏུག་བྱ་མི་སྦ་གསང་བྱས་པས། ཁོ་དང་འབྲེལ་གཏུག་དམ་ཟབ་བྱེད་མཁན་ཁྲོད་ཀྱི་མི་4ལ་ཏོག་གསར་གློ་ཚད་རིམས་ནད་འགོས་པ་དང་མི་106གསོ་རིག་ལོགས་དབྱེ་བྱ་དགོས་བྱུང་ཡོད།
གྱོད་དོན་འདིའི་གནས་ཚུལ་དངོས་དང་ཞུ་སྦྱོར་ཕྱི་མའི་འགྱོད་བཤགས་བྱས་ཚུལ་ལ་གཞིགས་ནས། རིམས་ནད་འགོག་བཅོས་ལ་འགལ་རྐྱེན་བཟོས་པའི་བྱས་ཉེས་སུ་ཞུ་སྦྱོར་ཕྱི་མ་ཀྲུང་ཆེ་གེ་མོར་དུས་བཀག་བཙོན་འཇུག་ལོ་གཅིག་གི་ཉེས་ཆད་བཅད་ཡོད། འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་རྗེས། ཀྲུང་ཆེ་གེ་མོས་ཁྲིམས་གཏན་འཁེལ་བའི་དུས་ཚོད་ནང་བསྐྱར་གཅོད་ཞུ་གཏུག་བྱས་མེད་པས། འདྲི་གཅོད་དང་པོའི་དཔྱད་མཚམས་ལ་ཁྲིམས་ནུས་ཐོན་ཡོད།

ལོ་དེའི་ཟླ་2པའི་ཚེས་4ཉིན། ཀྲུང་ཆེ་གེ་མོར་ཏོག་གསར་གློ་ཚད་རིམས་ནད་འགོས་པ་གཏན་འཁེལ་བྱུང་ཡོད། ནད་རྟགས་གཏན་འཁེལ་བྱས་རྗེས། ཀྲུང་ཆེ་གེ་མོས་ཤེས་བཞིན་དུ་རང་ཉིད་ཀྱི་2020ལོའི་ཟླ་1པོའི་ཚེས་28ཉིན་ནས་ཟླ་2པའི་ཚེས་2ཉིན་བར་གྱི་འགུལ་སྐྱོད་བྱ་ཡུལ་དང་འབྲེལ་གཏུག་བྱ་མི་སྦ་གསང་བྱས་ཏེ་རང་ཉིད་དང་བཟའ་མི་ཚང་མ་ཁྱིམ་དུ་བསྡད་དེ་ཕྱིར་སྐྱོད་མེད་ལུགས་རྫུན་ཞུ་བྱས་ཡོད། དོན་དངོས་སྦ་གསང་བྱས་པའི་བྱ་སྤྱོད་དེས་འབྲེལ་ཡོད་སྡེ་ཚན་གྱིས་དུས་ཐོག་ཏུ་རིམས་ནད་དོ་དམ་ཚོད་འཛིན་བྱ་རྒྱུར་འགལ་རྐྱེན་ཆེན་པོ་བཟོས་ཡོད་པ་རེད།