གསེར་རྟ་རྫོང་སློབ་འབྲིང་གིས་འཛམ་གླིང་དཔེ་ཀློག་ཉིན་མོ་འདི་ལྟར་བསུས།
ཡོང་ཁུངས།
སྤེལ་དུས།: ༢༠༢༡ ལོའི་ཟླ་ ༤ ཚེས་ ༣༠
སྤྱི་ཟླ་4བའི་ཚེས་23ཉིན་ཏེ་གཟའ་པ་སངས་ཀྱི་ཞོགས་པར་གསེར་སློབ་འབྲིང་གི་བོད་རྒྱ་ཡིག་ཚན་ཁག་གིས་གཙོ་སྒྲུབ་བྱས་ནས་འཛམ་གླིང་དཔེ་ཀློག་ཉིན་མོ་ལ་དཔེ་ཀློག་གི་མཛད་སྒོ་སྤེལ།
འདི་ལ་ལས་ཚན་འགའ་རུ་བགོས་ནས་དང་ཐོག་སློབ་རའི་དབུ་ཁྲིད་གཞོན་པ་དགེ་རྒན་ཧོང་ཞན་ཅིང་གིས་མཛད་སྒོ་དང་འབྲེལ་ནས་དགེ་སློབ་ཡོངས་ལ་གཏམ་བཤད་བྱས། དེ་ནས་རྒྱ་ཡིག་ཚན་ཁག་གི་དགེ་རྒན་ལིའོ་ཚུང་གིས་དཔེ་ཀློག་གི་གལ་ཆེན་རང་བཞིན་དང་དཔེ་ཀློག་གི་དགོས་པ། དཔེ་ཀློག་གི་ཕན་ནུས་བཅས་ནན་ཏན་སྒོས་བཤད། ཡང་བོད་ཡིག་ཚན་ཁག་གི་ཚོགས་གཙོ་དགེ་རྒན་རིག་རྩལ་གྱིས་དུས་ཆེན་འདི་ལ་ངོས་ཟིན་དགོས་ཚུལ་དང་སློབ་རའི་ནང་དཔེ་ཀློག་གི་ཁོར་ཡུག་ལེགས་པོ་ཞིག་འཛུགས་ཐུབ་པར་བརྩོན་ལེན་དགོས་པ། ལྷག་པར་ནམ་རྒྱུན་དཔེ་ཀློག་བྱ་ཚེ་གལ་གནད་དུ་འཛིན་དགོས་པ་འགའ་མཛུབ་སྟོན་བྱས་པ་གཤམ་གསལ།
གཅིག །དཔེ་ཀློག་ལ་ཟིན་བྲིས་ཕབ་དགོས། འདི་ལྟར་བྱས་ན་ལོ་དུ་མའི་རྗེས་ནས་ཕྱིན་དྲན་མང་བོ་ཞིག་ལ་གསལ་ཁ་འདོན་ཐུབ།
གཉིས། དཔེ་ཀློག་གི་ཐབས་ལམ་འཚོལ་དགོས། འདི་ནི་གཙོ་བོ་རང་གི་དགོས་མཁོ་དང་བསྟུན་དགོས།
གསུམ། དཔེ་ཀློག་གི་དགེ་མཚན་གོ་དགོས། དཔེ་ཆའི་ནང་ནས་འཛམ་གླིང་གི་མཁས་པ་མང་པོ་དང་འཕྲད་ཐུབ་དང་འཛམ་གླིང་ཡུལ་གྲུ་མང་པོར་ལྟ་སྐོར་དུ་འགྲོ་ཐུབ། དཔེར་ན། རྗེ་བདག་ཉིད་ཆེན་པོས་ང་ལ་དགའ་མཁན་དང་དད་མཁན་ཚོས་ངེས་པར་ངའི་བརྩམས་ཆོས་ལ་ལྟ་ཀློག་བྱོས་དང་ང་ལ་འཕྲད་པ་དང་གཅིག་མཚུངས་ཡིན་ཞེས་གསུངས།
བཞི། དཔེ་ཀློག་ལ་གདམ་གསེས་ཤེས་དགོས། མིང་བརྡ་གསར་པར་དོགས་སེལ། ཚིག་སྦྱོར་ཡག་པོར་གསོག་འཇོག །ཕྲད་དང་རྣམ་དབྱེར་ཞིབ་ཆ། བྱ་ཚིག་ལ་དོགས་གཅོད་བཅས་བྱེད་དགོས། ཞེས་མདོར་བསྡུས་ཀྱི་སྐད་ཆ་འགའ་སྙན་ཞུ་བྱས།
དེ་རྗེས་གསེར་སློབ་འབྲིང་གི་དགེ་སློབ་ཡོངས་ཀྱིས་ཚོགས་ཐུན་གཉིས་ཀྱི་རིང་ལ་མཉམ་དུ་འཛམ་གླིང་དཔེ་ཀློག་གི་ཉིན་མོ་འདིར་དཔེ་ཀློག་གི་བྱ་བར་རོལ། མཇུག་ཏུ་དགེ་སློབ་ཡོངས་ཀྱིས་གུ་ཡངས་ཀྱི་དུས་ཡུན་སྤྱད་ནས་ཚོགས་ཐུན་གཉིས་ཀྱི་རིང་ལ་སོ་སོས་བལྟས་པའི་དཔེ་ཀློག་མྱོང་ཚོར་ཕན་ཚུན་ལ་བསམ་ཚུལ་བརྗེ་རེས་བྱས་པ་རེད།
图片
མཐར་འཛམ་གླིང་དཔེ་ཀློག་ཉིན་མོ་འདི་དགའ་བ་དང་གུས་པས་བསུས་ཞིང་གསེར་རྟ་སློབ་འབྲིང་གི་དགེ་སློབ་ཡོངས་ཀྱི་དཔེ་ཀློག་གི་མཁའ་དབུགས་སྔར་ལས་དྭངས་པའི་བཀྲ་ཤིས་སྨོན་འདུན་དང་བཅས་བདེ་བླག་ངང་མཇུག་སྒྲིལ། །