བཞག་བྲ་ལྷ་རྩེའི་མཛེས་ལྗོངས་ཁུལ་དངོས་སུ་སྒོ་ཕྱེ་རྒྱུ་ཡིན་པ།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
སྤེལ་དུས།: ༢༠༢༠ ལོའི་ཟླ་ ༩ ཚེས་ ༢༥
སྤྱི་ཟླ་9ཚེས་23ཉིན་བཞག་བྲ་ལྷ་རྩེའི་མཛེས་ལྗོངས་ཁུལ་གྱི་དུམ་མཚམས་བྱང་མ་སྒོ་ཕྱེ་བ་དང་ཁམས་པའི་ཀུན་སྤྱོད་མཁའ་འགྲུལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་དར་རྩེ་མདོ་རུ་འཚོགས་པ་རེད།

བཞག་བྲ་ལྷ་རྩེའི་མཛེས་ལྗོངས་ཁུལ་དེ་ཁྲེང་ཏུའུ་དང་བར་ཐག་སྤྱི་ལེ་410ལྷག་ཙམ་ཡོད། དར་རྩེ་མདོ་གནམ་ཐང་དང་བར་ཐག་སྤྱི་ལེ་90ཡོད་པ་དང་། གངས་རི་དང་མཚེའུ། རྦབ་ཆུ། ནགས་ཚལ། སྤང་ལྗོངས། ཆུ་ཚན། དེ་བཞིན་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྣ་ཚོགས་གཞི་གཅིག་ཏུ་འདུས་ཡོད། མཛེས་ལྗོངས་ཁུལ་གྱི་འཆར་འགོད་རྒྱ་ཁྱོན་ནི་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་251ཟིན་པ་དང་། བཞག་བྲ་ལྷ་རྩེ་དེ་ལྟེ་བ་བྱས་ཤིང་། དེའི་རི་རྩེ་མཐོ་ཤོས་ཀྱི་མཐོ་ཚད་ལ་མཚོ་འཕགས་སྨི་5820ཡོད་པ་དང་བརྗིད་ཅིང་ལྷུན་སྡུག་པར་སྣང་ཁར། ཕྱོགས་བཞིར་མཚེའུས་ཁྱབ་པ་དང་། ཆུ་ཚན་མང་ལ་ནགས་ཚལ་ཡངས་ཤིང་རྒྱ་ཆེན་པོ་ཡོད།

མཛེས་ལྗོངས་ཁུལ་དེ་སྤྱི་ལོ་2018ལོའི་ཟླ་5ཚེས་28ཉིན་དངོས་སུ་སྐྲུན་འགོ་ཚུགས་པ་དང་། དུས་ཡུན་ལོ་གཉིས་དང་ཕྱེད་ཀ་ཙམ་རིང་དུས་ཐེངས་དང་པོའི་འཛུགས་སྐྲུན་ལེགས་གྲུབ་ཟིན་ནས། འདི་ལོའི་རྒྱལ་སྟོན་དུས་ཆེན་སྐབས་དངོས་སུ་ཕྱི་ཕྱོགས་སུ་སྒོ་འབྱེད་རྒྱུ་ཡིན་པ་རེད། མཛེས་ལྗོངས་ཁུལ་གྱིས་སྤྱི་ཟླ་10ཚེས་1ཉིན་སྒོ་ཕྱེ་བའི་མཛད་སྒོ་འཚོག་རྒྱུ་ཡིན་པ་དང་། སྤྱི་ཟླ་10ཚེས་2ནས་ཚེས་4ཉིན་བར་ཕྱི་རོལ་སྤྲོ་སྐྱིད་ཁང་གི་བགྲོ་གླེང་ཚོགས་འདུ་དང་། བཞག་བྲ་ལྷ་རྩེའི་ཕྱི་རོལ་དུ་རྐང་ཐང་མར་སྐྱོད་པའི་ཚོགས་ཆེན། བཞག་བྲ་ལྷ་རྩེའི་རིམ་འདས་བྱེས་རྒྱུག་འགྲན་བསྡུར་བཅས་བྱེད་སྒོའི་རྣམ་གྲངས་ཆེན་པོ་གསུམ་གཉེར་རྒྱུ་ཡིན་པས། ལྟད་མོ་བའི་ཡིད་ཀྱི་དབང་པོ་གཅིག་ཅར་དུ་འགུག་མི་ནུས་པ་ཅི་ལ་སྲིད།

