བྱས་རྗེས་གཟེངས་རྟགས་ཚོགས་ཆེན་ཐོག་གནང་བའི་ཞི་ཅིན་ཕིང་གི་གསུང་བཤད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
སྤེལ་དུས།: ༢༠༢༠ ལོའི་ཟླ་ ༩ ཚེས་ ༩
རྒྱལ་ཡོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་ཀྱི་གཟེངས་བསྟོད་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་པ་དང་། ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་ལ་གཟེངས་རྟགས་གནང་བ་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་བ་དང་། ལི་ཁེ་ཆང་གིས་ཚོགས་ཆེན་གཙོ་སྐྱོང་གནང་བ། ལི་ཀྲན་ཧྲུའུ་ཡིས་ཀྲུའུ་ཞིའི་བཀའ་རྒྱ་སྒྲོག་སྦྱང་གནང་བ། ཝང་ཧུའུ་ཉིང་གིས་གཟེངས་བསྟོད་གཏན་འབེབས་སྒྲོག་སྦྱང་གནང་བ། ཝང་དབྱང་དང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་བཅས་ཚོགས་འདུར་ཞུགས་པ།

སྤྱི་ཚེས་8ཉིན་གྱི་སྔ་དྲོ། རྒྱལ་ཡོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་ཀྱི་གཟེངས་བསྟོད་ཚོགས་ཆེན་དེ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་གཟབ་རྒྱས་ངང་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་ལ་གཟེངས་རྟགས་གནང་བ་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་ཡོད་པ་རེད། ཞི་ཅིན་ཕིང་གིས། ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱེད་པའི་འཐབ་རྩོད་ལ་འཐབ་ཇུས་ཀྱི་གྲུབ་འབྲས་གལ་ཆེན་ཐོབ་ཡོད། དེའི་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་མངོན་གསལ་དོད་པའི་བཟང་ཆ་གང་ལེགས་མངོན་ཡོད་པ་དང་། ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་སྟོབས་ཤུགས་གང་ལེགས་མངོན་ཡོད་པ། ཀྲུང་ཧྭའི་ཤེས་དཔལ་གྱི་ནང་དོན་ཟབ་མོ་གང་ལེགས་མངོན་ཡོད་པ། ཀྲུང་གོའི་འགན་འཁྲི་འཁུར་བའི་རྒྱལ་ཁབ་ཆེན་པོའི་རང་རྟོགས་ཀྱི་འགན་འཁྲི་འཁུར་སེམས་གང་ལེགས་མངོན་ཡོད་ཅིང་། དེས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་རང་བློ་རང་འཁེལ་གྱི་བསམ་པ་དང་། སྤོབས་སེམས། གོང་བུ་འགྲིལ་ཤུགས། ལྟེ་བར་ཕྱོགས་ཤུགས་བཅས་ཆེ་རུ་ཤུགས་ཆེར་ཕྱིན་ཡོད་པས། ང་ཚོས་དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་དཀའ་ངལ་ཁྱད་བསད་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱ་རྒྱུར་སྐུལ་མ་ཐེབས་ངེས་རེད་ཅེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། རིམས་འགོག་གི་སྙིང་སྟོབས་རླབས་པོ་ཆེ་དེ་ནི་ཀྲུང་ཧྭ་མི་རིགས་ཀྱི་དུས་ཡུན་རིང་པོའི་ནང་གྲུབ་པའི་སྐྱེ་སྟོབས་ཀྱི་རིག་པ་དང་རིག་གནས་ཀྱི་གཞི་རྒྱུ་དང་གཅིག་རྒྱུན་གཅིག་འཛིན་ཡིན་ཞིང་། རྒྱལ་གཅེས་རིང་ལུགས་དང་། མཉམ་སྡེབ་རིང་ལུགས། སྤྱི་ཚོགས་རིང་ལུགས་བཅས་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་གོང་འཕེལ་གཏོང་བ་ཞིག་ཡིན་པ་དང་། ཀྲུང་གོའི་སྙིང་སྟོབས་ཀྱི་གསོན་ཉམས་དོད་པའི་གསལ་བཤད་ཅིག་ཡིན་པས། མི་རིགས་སྙིང་སྟོབས་དང་དུས་རབས་སྙིང་སྟོབས་ཀྱི་ནང་དོན་ཕུན་སུམ་ཚོགས་སུ་ཕྱིན་ཡོད། ང་ཚོས་སྤྱི་ཚོགས་ཡོངས་སུ་རིམས་ནད་འགོག་པའི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་ཤུགས་ཆེན་བཏང་སྟེ། དེ་ཉིད་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བ་བྱ་དགོས་ཞེས་ནན་སྟོན་གནང་ཡོད།

ཆུ་ཚོད་8དང་སྐར་མ་35ཡི་ཐོག རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་རྣམས་ལྷན་དུ་གུས་ལུགས་རླངས་འཁོར་ནང་བཞུགས་ཐོག་གསོལ་མགྲོན་ཁང་ནས་རྡོག་ཐོན་གནང་བ་དང་། རྒྱལ་ཁབ་ཀྱི་སྐུ་མགྲོན་སྲུང་སྐྱོབ་རུ་ཁག་གི་ཕེབས་སྐྱོང་འོག་མི་དམངས་ཚོགས་ཁང་ཆེན་མོར་ཕེབས་ཡོད། མི་དམངས་ཚོགས་ཁང་ཆེན་མོའི་བྱང་སྒོའི་ཕྱི་རོལ་དུ་དར་དམར་མཐོན་པོར་བསྒྲེངས་པའི་གུས་ལུགས་དམག་ལམ་གྱི་གཞོགས་གཉིས་སུ་གྲལ་སྟར་བསྒྲིགས་ཡོད་པ་དང་། ཕྲག་མདའ་ཁྱེར་བའི་གུས་ལུགས་དམག་སྐས་རིམ་ཐོག་འགྱིང་ངེར་ལངས་པ། གཞོན་ནུ་ལོ་ཆུང་ཚོས་སྤྲོ་སེམས་འཁོལ་བའི་ངང་དགའ་འབོད་དང་གུས་འདུད་ཞུས་ཡོད་པ་རེད། རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་རྣམས་ས་གདན་དམར་པོའི་ཐོག་ནས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཕེབས་ཡོད། ཏང་དང་རྒྱལ་ཁབ་ཀྱི་བྱས་རྗེས་མཚན་སྙན་གཟེངས་བསྟོད་ལས་དོན་ཨུ་ལྷན་གྱི་འགོ་ཁྲིད་བློ་མཐུན་གྱིས་དེ་གར་ཐུན་མོང་ཐོག་ཁོང་ཚོར་ཕེབས་བསུ་ཞུས་ཡོད་པ་རེད།

ཆུ་ཚོད་10ཏག་ཏག་ལ་ཚོགས་ཆེན་འཚོགས་འགོ་ཚུགས་ཤིང་། བཅིངས་འགྲོལ་དམག་གི་དམག་དཔུང་རོལ་ཆ་རུ་ཁག་གིས་བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས་དཀྲོལ་གཏོང་གནང་བ་དང་། ཚང་མས་ཡར་བཞེངས་ནས་སྐད་གསང་མཐོན་པོས་རྒྱལ་གླུ་བླངས་ཡོད་པ་རེད།

ལི་ཀྲན་ཧྲུའུ་ཡིས་ཞི་ཅིན་ཕིང་གིས་མཚན་རྟགས་བཀོད་གནང་བའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་བཀའ་རྒྱ་སྒྲོག་སྦྱང་གནང་ཡོད། ཀྲུའུ་ཞིའི་བཀའ་རྒྱའི་ནང་། ཏོག་གསར་གློ་ཚད་རིམས་ནད་ཀྱི་འཐབ་རྩོད་ཁྲོད་བླ་མེད་ལེགས་སྐྱེས་ཕུལ་མཁན་དང་བྱས་རྗེས་འཇོག་མཁན་དཔེ་བཟང་མི་སྣར་གཟེངས་རྟགས་སྤྲོད་དགོས་པ་མ་ཟད་ཁོང་ཚོའི་ལྷག་བསམ་དང་འགན་འཁུར་བསམ་པ། ལེགས་སྐྱེས་འབུལ་བའི་བླ་མེད་གཤིས་རྒྱུད་བཅས་དར་སྤེལ་གཏོང་དགོས། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གཅིག་གི་གཏན་འབེབས་ལྟར། ཀྲུང་ནན་ཧྲན་ལ་སྤྱི་མཐུན་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་སྤྲོད་རྒྱུ་དང་། ཀྲང་པའེ་ལི་དང་། ཀྲང་ཏིང་ཡུས། ཁྲེན་ཝེ་བཅས་ལ་མི་དམངས་དཔའ་བོའི་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་སྤྲོད་རྒྱུ་ཡིན་ཞེས་བསྟན་ཡོད།

མེས་རྒྱལ་གྱི་དཔའ་བོར་གུས་འདུད་ཞུ་ཞེས་པའི་རོལ་མོའི་རྔམ་བརྗིད་ལྡན་པའི་འགྱུར་ཁུག་ཁྲོད་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་ལ་རེ་རེ་བཞིན་གཟེངས་རྟགས་གནང་བ་མ་ཟད་ཁོང་ཚོ་དང་བྱམས་བརྩེའི་ཕྱག་བཏང་ནས་བཀྲི་ཤིས་བདེ་ལེགས་ཞུས་གནང་ཡོད། དེ་རྗེས། རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་། རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་4ཡིས་གདན་ཞུས་ལྟར་ཀྲུའུ་ཞི་སྟེགས་བུའི་ཐོག་ཏུ་བཞུགས་པ་དང་། ཚོགས་ར་ཡོངས་སུ་ཐལ་མོའི་རྡེབ་སྒྲས་ཁེངས་ཡོད།
ཝང་ཧུའུ་ཉིང་གིས་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད་བཅས་ཀྱིས་རྒྱལ་ཡོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་སྔོན་ཐོན་མི་སྒེར་དང་སྔོན་ཐོན་མཉམ་སྡེབ་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་གཏན་འབེབས་དང་། ཀྲུང་གུང་ཀྲུང་དབྱང་གིས་རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་རྒྱལ་ཡོངས་ཀྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་གཏན་འབེབས་སྒྲོག་སྦྱང་གནང་ཡོད་པ་རེད།
ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཡོད། ཁོང་གིས། འདས་ཟིན་པའི་ཟླ་བ་བརྒྱད་ཙམ་གྱི་དུས་ཚོད་ནང་། ང་ཚོའི་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་མི་རྣམས་ཧང་སངས་དགོས་པའི་རིམས་འགོག་དམག་འཐབ་བརྒྱབ་ཡོད་ལ། དཀའ་ཚེགས་རབ་ཏུ་ཆེ་བའི་ལོ་རྒྱུས་ཀྱི་ཚོད་བགམ་ཆེན་པོ་ཞིག་ཐེག་ཐུབ་པ་བྱས་ཏེ་འབད་འཐབ་ཆེན་པོ་བྱས་པས་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་བཅོས་བྱེད་པའི་འཐབ་རྩོད་ཁྲོད་དུ་འཐབ་ཇུས་ཀྱི་གྲུབ་འབྲས་གལ་ཆེན་ཐོབ་པ་དང་། མིའི་རིགས་ཀྱིས་ནད་རིགས་དང་འཐབ་རྩོད་བྱེད་པའི་ལོ་རྒྱུས་ཐོག་གི་ངོ་མཚར་གསར་པ་བཏོད་ཡོད་ཅེས་གསུངས་ཡོད།

ཞི་ཅིན་ཕིང་གིས། ཀྲུང་གོའི་མི་དམངས་ཀྱིས་རིམས་འགོག་དམག་འཐབ་རྒྱག་རིང་། རྒྱལ་ཁབ་མང་པོའི་འགོ་ཁྲིད་མི་སྣ་དང་། སྲིད་གཞུང་། སྲིད་ཏང་། སྤྱི་ཚོགས་ཚོགས་པ་དང་ཀྲུང་གོར་བཅའ་སྡོད་གཞུང་ཚབ་ཁང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་སྒྲིག་འཛུགས། འབྲེལ་ཡོད་ས་ཁུལ་གྱི་སྒྲིག་འཛུགས་དང་རྒྱལ་སྤྱིའི་ཚན་པ། ཕྱི་དངུལ་ཁེ་ལས་དང་དེ་བཞིན་རྒྱལ་སྤྱིའི་མཛའ་གྲོགས་མི་སྣ་བཅས་ཀྱིས་རྣམ་པ་འདྲ་མིན་ཐོག་ནས་ཀྲུང་གོའི་མི་དམངས་ལ་ལྷག་བསམ་དག་པའི་འཚམས་འདྲི་དང་། རྩ་ཆེའི་རྒྱབ་སྐྱོར་གནང་ཡོད། ང་རང་ནས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ཚབ་ཞུས་ཏེ་ཁོང་ཚོར་ལྷག་བསམ་ཟོལ་མེད་ཀྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།
ཞི་ཅིན་ཕིང་གིས། མིག་སྔར་ཏོག་གསར་གློ་ཚད་རིམས་ནད་སྔར་བཞིན་གོ་ལ་ཧྲིལ་པོར་འགོས་བཞིན་ཡོད་པ་དང་། ཀྲུང་གོའི་མི་དམངས་ནས་རིམས་ནད་ཀྱིས་རྒྱལ་ཁབ་ཁག་གི་མི་དམངས་ལ་དཀའ་སྡུག་འཕྲད་པར་གཞན་སྡུག་རང་མྱོང་ཐུབ་པ་དང་། ནད་གདོན་གྱིས་ཚེ་སྲོག་འཕྲོག་པའི་མི་རྣམས་ལ་ཕངས་སེམས་ཡོང་གི་འདུག དུས་ཚོད་སྐར་ཆ་ཙམ་ལའང་བརྩོན་ལེན་གྱིས་རིམས་ནད་ལ་འགོག་བཅོས་དང་ཚེ་སྲོག་སྐྱོབ་མཁན་རྣམས་ལ་གུས་འདུད་ཞུ་རྒྱུ་དང་། སྟབས་མི་ལེགས་པར་ནད་དུག་འགོས་པ་དང་། ད་ཆ་སྨན་བཅོས་བྱེད་བཞིན་པའི་མི་རྣམས་ལ་ལྷག་བསམ་དག་པའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
ཞི་ཅིན་ཕིང་གིས། སྐབས་འདིར། ང་ཚོས་ལྷག་པར་དུ་རིམས་ནད་འགོག་བཅོས་བྱེད་པའི་ཆེད་དཔའ་ངར་ཆེན་པོས་རང་སྲོག་བློས་གཏོང་གནང་མཁན་སྔོན་གཤེགས་དཔའ་བོ་རྣམས་དང་། རིམས་ནད་ཁྲོད་སྟབས་མི་ལེགས་པར་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླ་རྣམ་པར་དྲན་གདུང་ཆེན་པོ་བྱེད་པ་དང་སེམས་སྡུག་ཆེན་པོས་མྱ་ངན་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

ཞི་ཅིན་ཕིང་གིས། གློ་བུར་དུ་ཐོན་པའི་ཚབས་ཆེའི་རིམས་ནད་ཀྱི་མདུན་དུ་ཏང་ཀྲུང་དབྱང་གིས་གནས་བབ་ཧྲིལ་པོར་གཅིག་འདོམས་དང་འཕྲལ་ཐག་ཆོད་པའི་བཀོད་ཇུས་ལ་བརྟེན་ནས་དམིགས་བསལ་གྱི་བྱ་ཐབས་ཐོག་ནས་དམིགས་བསལ་གྱི་དོན་དག་ལ་ཁ་གཏད་བཅག་ཡོད། ཏང་ཀྲུང་དབྱང་གིས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞིའི་བདེ་ཐང་ཨང་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། འཕྲལ་མར་གཅིག་སྡུད་གཅིག་གྱུར་འགོ་ཁྲིད་ལག་ལེན་བསྟར་བ། ཀྲུང་དབྱང་ཆབ་སྲིད་ཅུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱིས་གྲོས་ཚོགས་ཐེངས་21སྐོང་འཚོགས་བྱས་ཏེ་བཀོད་ཇུས་ཐད་ཞིབ་འཇུག་གནང་བ་དང་། ཏང་དང་། སྲིད་གཞུང་། དམག་དཔུང་། མང་ཚོགས། སློབ་མ་བཅས་དང་ཤར་ལྷོ་ནུབ་བྱང་དབུས་བཅས་ཀྱི་དམག་འཐབ་ཆེན་པོར་འགོ་ཁྲིད་དང་སྒྲིག་འཛུགས་བྱས་པ། ཆོད་སེམས་བརྟན་པོ་དང་ཕྱར་བ་གྲུ་འདེགས། ཚན་རིག་དང་མཐུན་པའི་འགོག་བཅོས། གནད་འཕིགས་ཇུས་འདོན་བཅས་ཀྱི་སྤྱིའི་བླང་བྱ་བཏོན་ནས་རིམས་ནད་འགོས་ཁྱབ་འགྲོ་ཚུལ་བཀག་འགོག་མཐའ་གཅིག་ཏུ་བྱས་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བཀག་འགོག་དམག་འཐབ་ལ་མཐའ་གཅིག་ཏུ་རྒྱལ་ཁ་ཐོབ་པ་བྱེད་པའི་སྤྱིའི་དམིགས་འབེན་གསལ་པོ་བཟོས་པ། ཝུའུ་ཧན་གྱི་སྲུང་སྐྱོབ་དམག་འཐབ་དང་ཧུའུ་པེའི་སྲུང་སྐྱོབ་དམག་འཐབ་བཀོད་སྒྲིག་ཚགས་ཚུད་པོ་བྱས་པ། དུས་བབ་དང་བསྟུན་ནས་འཐབ་ཇུས་གཏན་འབེབས་བྱས་ཡོད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་། སྡེ་ཁག་ཁག་དང་ཚན་པ་ཁག ཕྱོགས་ཁག་བཅས་ནས་བཀའ་བཏང་རྗེས་འཕྲལ་མར་བྱ་སྤྱོད་སྤེལ་བ་དང་། རྒྱལ་ཡོངས་ཀྱི་གྲོང་གསེབ་དང་། སྡེ་ཁུལ། ཁེ་ལས། སྨན་བཅོས་འཕྲོད་བསྟེན་ལས་ཁུངས། ཚན་ཞིབ་ལས་ཁུངས། སློབ་གྲྭ། དམག་སྒར་བཅས་ནས་རང་གནས་རང་སྡོད་བྱས་ཡོད། ཏང་ཀྲུང་དབྱང་གི་སྟོབས་ཆེའི་འགོ་ཁྲིད་འོག་རྒྱལ་ཡོངས་སུ་གཅིག་གྱུར་བཀོད་འདོམས་དང་། ཁྱོན་ཡོངས་ནས་བཀོད་སྒྲིག ཕྱོགས་ཡོངས་ནས་སྔོན་འགོག་ཚོད་འཛིན་བཅས་ཀྱི་འཐབ་ཇུས་གནས་སྟངས་ཤིག་གྲུབ་པ་དེས་རིམས་ནད་གཞི་ཁྱོན་ཆེན་པོས་འགོས་ཁྱབ་འགྲོ་ཚུལ་བཀག་འགོག་ནུས་ལྡན་བྱས་པ་དང་། ནད་དུག་འགོས་ཁྱབ་འགྲོ་བའི་ཉེན་ཁའི་འཕེལ་རིམ་ལ་འགྱུར་བ་ནུས་ལྡན་བཏང་བ། ཚད་གཞི་ཆེ་ཤོས་ཐོག་ནས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞིའི་བདེ་ཐང་ལ་སྲུང་སྐྱོང་བྱས་ཡོད་ཅེས་ནན་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས། གཞོན་ནུ་ནི་རྒྱལ་ཁབ་དང་མི་རིགས་ཀྱི་རེ་བ་ཡིན། ཐེངས་འདིའི་རིམས་འགོག་འཐབ་རྩོད་ཁྲོད། གཞོན་ནུ་རྣམས་ཀྱི་བྱེད་སྤྱོད་མཐོང་རྗེས་རྒན་རབས་དག་དགའ་ཞིང་བློ་བདེ་པོ་བྱུང་ཡོད་ལ། སེམས་འགུལ་ཚད་མེད་ཐེབས་ཡོད། འཇིག་རྟེན་འདིའི་ཐོག་གནམ་ནས་བབས་པའི་དཔའ་བོ་ཞིག་གཏན་ནས་ཐོན་མྱོང་མེད་ལ། ཡོད་པ་ནི་དཔའ་ངར་ཆེ་སྐྱེད་ཀྱིས་ཉེན་ཁའི་མདུན་དུ་དོན་ཕོད་པའི་མི་སྣ་ཕལ་པ་ཡིན། གཞོན་ནུ་མི་རབས་ཚོ་དཀའ་ངལ་ལ་མི་འཛེམ་པ་དང་། རང་སྲོག་བློས་གཏོང་ཕོད་པ། ཕྲག་སྟེང་དུ་རི་ལྟར་ལྕི་བའི་འགན་འཁྲི་འཁུར་ནུས་པས། མཚར་སྡུག་ལང་ཚོའི་གཟི་མདངས་མངོན་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རེ་བ་མངོན་ཡོད། ང་ཚོས་མཉམ་དུ་ཁོང་རྣམས་པར་སྔགས་བརྗོད་ཞུ་དགོས་ཞེས་བསྟན་ཡོད།
ཞི་ཅིན་ཕིང་གིས། ཚབས་ཆེའི་རིམས་ནད་དང་འཐབ་རྩོད་བྱེད་པའི་བརྒྱུད་རིམ་ཁྲོད། ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱིས་འཐབ་རྩོད་བྱེད་ཕོད་པ་དང་། རྒྱལ་ཁ་ལེན་ཕོད་པའི་ཞུམ་མེད་ཀྱི་དཔའ་ཉམས་ཐོག་ནས། ཚེ་སྲོག་རྩ་བའི་རྩེ་ལ་འཛིན་པ་དང་། རྒྱལ་ཡོངས་གཅིག་སེམས་གཅིག་མཐུན། རང་སྲོག་བློས་གཏོང་ཕོད་པ། ཚན་རིག་ལ་བརྩི་བཀུར། ལས་དབང་གཅིག་མཐུན་བཅས་ཀྱི་རླབས་ཆེའི་རིམས་འགོག་སྙིང་སྟོབས་གཏོད་ཡོད། ཚེ་སྲོག་གོང་དུ་བཀུར་བ་དེས། ཀྲུང་གོ་མི་དམངས་ཀྱི་བྱམས་བརྩེའི་སྲོལ་རྒྱུན་ཟབ་མོ་དང་ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ལྟེ་བར་འཛིན་པའི་རིན་ཐང་ལྟ་བ་གཅིག་སྡུད་ཐོག་མངོན་ཡོད། རྒྱལ་ཡོངས་གོང་འོག་སེམས་པ་གཅིག་སྒྲིལ་བྱེད་པ་དེས་ཀྲུང་གོ་མི་དམངས་ཀུན་སེམས་གཅིག་སྒྲིལ་དང་། སྐྱིད་སྡུག་མཉམ་མྱོང་གི་མཐུན་སྒྲིལ་གྱི་སྟོབས་ཤུགས་ཆེན་པོ་གཅིག་སྡུད་ཐོག་མངོན་ཡོད། སྲོག་ཉེན་ལ་མི་འཛེམ་པ་དེས་ཀྲུང་གོ་མི་དམངས་ཀྱིས་དཀའ་ངལ་ཡོད་ཚད་ཁྱད་དུ་གསོད་ནུས་ཅིང་དཀའ་སྡུག་གང་རུང་ཞིག་གི་མདུན་དུ་མགོ་མི་སྒུར་བའི་ཞུམ་མེད་བློ་སྟོབས་གཅིག་སྡུད་ཐོག་མངོན་ཡོད། ཚན་རིག་ལ་བརྩི་མཐོང་བྱེད་པ་དེས་ཀྲུང་གོ་མི་དམངས་ཀྱིས་བདེན་འཚོལ་དངོས་སྒྲུབ་དང་། གསར་གཏོད་ཡར་བརྩོན་བྱེད་པའི་ལག་ལེན་གྱི་ཐོག་ནས་གཅིག་སྡུད་མངོན་ཡོད། ལས་དབང་གཅིག་མཐུན་གྱིས་ཀྲུང་གོའི་མི་དམངས་ཀྱིས་ཕྱར་བ་གྲུ་འདེགས་དང་ཞི་བདེར་དགའ་བའི་བདེན་འཛིན་འཁུར་སེམས་གཅིག་སྡུད་ཐོག་མངོན་ཡོད་ཅེས་ནན་སྟོན་གནང་ཡོད་པ་རེད།


ཞི་ཅིན་ཕིང་གིས། མིག་སྔར། འཛམ་གླིང་ཐོག་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་མགྱོགས་མྱུར་འབྱུང་བ་དང་། རྒྱལ་ནང་གི་བསྒྱུར་བཅོས་དང་། གོང་སྤེལ། བརྟན་ལྷིང་བཅས་ཀྱི་ལས་འགན་དཀའ་ཚེགས་ཆེ་ཞིང་ལྗིད་རྫོབ་ཆེན་པོ་ཡོད། ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་གྱི་ལོ་རྒྱུས་འདྲེས་མཚམས་སུ། ང་ཚོས་ངེས་པར་དུ་ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཐབས་ཇུས་བཅས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་རྩ་བའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་པར་ཤུགས་སྣོན་རྒྱག་པ། རྒྱལ་ཁབ་ཕྱི་ནང་གི་གནས་བབ་ཆེན་པོ་གཉིས་ལ་གཅིག་གྱུར་འཆར་འགོད་བྱེད་པ། གོང་འཕེལ་དང་བདེ་འཇགས་ཀྱི་དོན་ཆེན་གཉིས་ཡག་པོ་སྒྲུབ་པ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་འཕེལ་གྱི་རྣམ་པ་གསར་པ་ཟམ་མི་ཆད་མེད་པར་གཏོད་དགོས། ང་ཚོས་ལྷོད་གཡེང་སྤུ་ཙམ་མེད་པར་རྒྱུན་ལྡན་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་དམ་འཛིན་བྱེད་པ་དང་། འབད་བརྩོན་ཆེན་པོས་རིམས་ནད་འགོག་པའི་འཐབ་རྩོད་ལ་ཁྱོན་ཡོངས་ནས་རྒྱལ་ཁ་ཐོབ་པ་བྱེད་དགོས། ང་ཚོས་བརྟན་པོ་དྲུག་གི་ལས་དོན་ཡག་པོ་ཏན་ཏིག་སྒྲུབ་པ་དང་། འགན་ལེན་དྲུག་གི་ལས་འགན་ཁྱོན་ཡོངས་ནས་དོན་འཁྱོལ་ཐུབ་པ་བྱས་ཏེ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཚར་བ་བྱ་རྒྱུར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་། དབུལ་སྒྲོལ་འགག་གཏོར་གྱི་ཐག་གཅོད་དམག་འཐབ་ཀྱི་དམིགས་ཚད་ལས་འགན་ལེགས་སྒྲུབ་ཡོང་བར་འགན་ལེན་བྱེད་དགོས། ང་ཚོས་བཅོས་སྐྱོང་མ་ལག་གི་ཞན་ཆ་དང་ཉམས་ཞན་ལྷུ་ཚིགས་ཁ་གསབ་གང་མགྱོགས་བྱས་ཏེ། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞིའི་བདེ་ཐང་ལ་འགན་ལེན་བྱེད་ཆེད་ལམ་ལུགས་ཀྱི་འགན་ལེན་བརྟན་དུ་གཏོང་དགོས། ང་ཚོས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གི་འདུ་ཤེས་འཛིན་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་དང་ལག་གདང་སྦྲེལ་ནས་ཉིན་རེ་བཞིན་ཛ་དྲག་ཏུ་འགྲོ་བའི་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ལ་ཁ་གཏད་གཅོག་དགོས། ང་ཚོས་མ་མཐའི་བསམ་བློ་རྒྱུན་འཁྱོངས་བྱེད་པ་དང་། སེམས་ཁྲལ་གྱི་འདུ་ཤེས་ཆེ་རུ་བཏང་ནས། མདུན་སྐྱོད་ལམ་བུའི་ཐོག་གི་ཉེན་ཁ་སྣ་ཚོགས་སྔོན་འགོག་དང་སེལ་ཐབས་ནུས་ལྡན་བྱེད་པ། མཐུན་སྒྲིལ་བྱེད་ཐུབ་པའི་སྟོབས་ཤུགས་མཐའ་དག་ལ་མཐུན་སྒྲིལ་བྱེད་པ། ཕན་ཡོད་རྒྱུ་རྐྱེན་མཐའ་དག་སྐུལ་སློང་བྱེད་པ་བཅས་བྱས་ཏེ། ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་རླབས་ཆེའི་འཐབ་རྩོད་ལ་རྒྱལ་ཁ་གསར་པ་ཟམ་མི་ཆད་པ་ལེན་རྒྱུར་འབད་བརྩོན་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།

ཚོགས་འདུའི་ཐོག སྤྱི་མཐུན་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་ཐོབ་མཁན་ཀྲུང་ནན་ཧྲན་དང་། རྒྱལ་ཡོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་གྱི་སྔོན་ཐོན་མི་སྒེར། རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན། པེ་ཅིང་ཞེ་ཧོ་སྨན་ཁང་འགོས་ནད་ཁོག་ནད་ཚན་ཁག་གི་ཀྲུའུ་རེན་སྨན་པ་ལིའུ་ཀྲེང་དབྱིང་། རྒྱལ་ཡོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་གྱི་སྔོན་ཐོན་མི་སྒེར། རྒྱལ་ཡོངས་ཀྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་ཀྱི་འཐུས་མི། ཝུའུ་ཧན་གྲོང་ཁྱེར་ཆིང་ཧོ་ཅུད་སྡེ་ཁུལ་ཏང་སྤྱི་ཁྱབ་ཀྲེ་པུའུ་ཧྲུའུ་ཅི་ཀུའེ་ཞའོ་མའེ་བཅས་ཀྱིས་གཏམ་བཤད་གནང་ཡོད།
ཚོགས་ཆེན་མ་འཚོགས་གོང་། ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་གྱིས་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་དང་། རྒྱལ་ཡོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་ཀྱི་སྔོན་ཐོན་མི་སྒེར་དང་སྔོན་ཐོན་མཉམ་སྡེབ་ཀྱི་འཐུས་མི་སོགས་དང་ཐུག་འཕྲད་གནང་བ་དང་། ཚང་མ་དང་དྲན་རྟེན་སྐུ་པར་ཡང་བསྐྱོན་ཡོད་པ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན།ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། རྒྱལ་དོན་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགོ་འཛིན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། དེ་བཞིན་ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་བཅས་ཚོགས་ཆེན་ལ་ཞུགས་ཡོད།
ཞིང་ལྗོངས་དང་གྲོང་ཁྱེར་ཁག་དང་། ཀྲུང་དབྱང་ཏང་སྲིད་དམག་དང་མང་ཚོགས་དང་ཚན་པ་ཁག་གི་འགན་འཁུར་བློ་མཐུན། དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བློ་མཐུན། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི། རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་གཟི་བརྗིད་མཚན་སྙན་ཐོབ་མཁན་གྱི་ནང་མིའི་འཐུས་མི། ཞུགས་སའི་ལས་ཁུངས་ཀྱི་འཐུས་མི། ཏོག་གསར་གློ་ཚད་རིམས་ནད་ལ་འགོག་བཅོས་བྱེད་པའི་ཁྲོད་སྐུ་གཤེགས་པའི་སྔོན་བཤེགས་དཔའ་བོའི་ནང་མིའི་འཐུས་མི། ཤང་ཀང་དང་ཨའོ་མོན་གྱི་སྤུན་ཟླ། ཐའེ་ཝན་གྱི་སྤུན་ཟླ། ཕྱིར་སྡོད་རང་མི་དང་ཕྱིར་ལོག་རང་མི། ཕྱིར་སྡོད་མི་སྣའི་སྤུན་ཟླ་བཅས་ཀྱི་འཐུས་མི། ཀྲུང་གོར་བཅའ་སྡོད་རྒྱལ་ཁབ་ཁག་གི་གཞུབ་ཚབ་ཕོ་ཉ། ཀྲུང་གོར་བཅའ་སྡོད་རྒྱལ་སྤྱིའི་སྒྲིག་འཛུགས་ཀྱི་འཐུས་མི། དེ་བཞིན་རང་རྒྱལ་གྱིས་ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱེད་པའི་བརྒྱུད་རིམ་ནང་ལེགས་སྐྱེས་འབུལ་མཁན་གྱི་རྒྱལ་སྤྱིའི་མཛའ་གྲོགས་མི་སྣའི་འཐུས་མི་སོགས་མི་3000ཙམ་ཚོགས་ཆེན་ལ་ཞུགས་ཡོད་པ་རེད།
