འཛམ་ཐང་རྫོང་གིས་འགྲིམ་འགྲུལ་དབུལ་སྐྱོར་གྱིས་མང་ཚོགས་ལ་ཕན་བཏགས།
ཡོང་ཁུངས། རྔ་བ་བོད་ཡིག་གསར་འགྱུར།
སྤེལ་དུས།: ༢༠༢༠ ལོའི་ཟླ་ ༩ ཚེས་ ༨


གཞུང་ལམ་གཅིག་ནི་དཔལ་འབྱོར་ས་རྒྱུད་ཅིག་ཡིན་པ་དང་། གཞུང་ལམ་དེ་ས་ཕྱོགས་གང་དུ་བསྲིངས་ན་གནས་དེར་དཔལ་འབྱོར་ཡང་འཕེལ་རྒྱས་འགྲོ་དེས། འཛམ་ཐང་རྫོང་འཛམ་ཐང་བར་མའི་གྲོང་རྡལ་བུད་ཁང་མདའ་གྲོང་སྡེའི་ཞིང་ལས་ཐོན་ལས་ནི་གཞུང་ལམ་ལ་བརྟེན་ནས་གསོན་ཤུགས་རྒྱས། རྒྱུས་ལོན་པ་ལྟར་ན། 2017ལོར། བུད་ཁང་མདའ་གྲོང་སྡེའི་སྔོ་ཚལ་འདེབས་འཛུགས་རྟེན་གཞི་བསྐྲུན་པ་དང་། 2018ལོའི་ལོ་མཇུག་ཏུ་བུད་ཁང་མདའ་གྲོང་སྡེའི་སྡེ་མི་ཚོར་སྒོར་ཁྲི་38ལྷག་བགོས་ཏེ་གྲོང་སྡེའི་དབུལ་ཞྭ་ཕུད་པ་དང་དབུལ་ཁྱིམ་དབུལ་ཕོངས་ལས་ཐར་བའི་དམིགས་ཚད་མངོན་འགྱུར་བྱུང་ཡོད།

གཞུང་ལམ་བསྐྲུན་པ་ནི་ཐོན་ལས་འཕེལ་རྒྱས་ཀྱི་ཐབས་ལམ་ཞིག་ཡིན་པར་མ་ཟད། རྒྱ་ཆེའི་གྲོང་གསེབ་ལ་ཞབས་འདེགས་ཞུ་བའི་ཁྲག་རྩ་ཕྲ་མོ་ཡང་ཡིན། བུག་རྗེ་ཡུལ་ཚོའི་འཕྲོད་བསྟེན་ཁང་དུ་ཆམ་སྨན་ལེན་བཞིན་པའི་བུག་རྗེ་ཡུལ་ཚོ་ཤུག་ཁ་གྲོང་སྡེའི་སྡེ་མི་བློ་བསྟན་གྱིས། སྔོན་ཆད་གྲོང་སྡེར་གཞུང་ལམ་ཤར་གཏོང་བྱས་མེད་པས་རི་ལམ་སྤྱི་ལེ་ཁ་ཤས་སོང་ན་ད་གཟོད་ཡུལ་ཚོར་ཐོན་ཐུབ་ཅེས་བཤད། ཤུག་ཁ་གྲོང་སྡེ་དང་ཡུལ་ཚོའི་སྲིད་གཞུང་བར་ལ་སྤྱི་ལེ་7ཡོད་ཅིང་། ལོ་10ལྷག་གི་སྔོན་དུ་ཤུག་ཁ་གྲོང་སྡེ་ནས་ཡུལ་ཚོར་འགྲོ་བའི་ལམ་ཆུང་ཆུང་ཞིག་ལས་མེད་པས། སློབ་མ་སློབ་གྲྭ་འགྲིམ་ཚད་ཀྱང་བརྒྱ་ཆ་50ཙམ་ལས་མེད།

འཛམ་ཐང་རྫོང་དུ་འགྲིམ་འགྲུལ་གྱིས་མང་ཚོགས་ཕྱུག་པོར་གྱུར་བའི་དཔེ་མང་བོ་ཡོད་ཅིང་། འགྲིམ་འགྲུལ་འཕེལ་རྒྱས་ཀྱིས་མང་ཚོགས་ཀྱི་ཕྱིར་སྐྱོད་ཀྱི་གནད་དོན་བསལ་བར་མ་ཟད། ས་གནས་ཀྱི་ཞིང་ལས་ཐོན་ལས་འཕེལ་རྒྱས་འགྲོ་བར་སྐུལ་ཁྲིད་བྱས་སོ།།