དམངས་སྲོལ་མགྲོན་ཁང་བསྐྲུན་པས།། དམངས་འཚོ་ཇེ་ལེགས་སུ་སོང་།།
ཡོང་ཁུངས། རྔ་བ་བོད་ཡིག་གསར་འགྱུར།
སྤེལ་དུས།: ༢༠༢༠ ལོའི་ཟླ་ ༧ ཚེས་ ༨
རྔ་བ་རྫོང་མཚན་ཉིད་ཡུལ་ཚོ་མདོ་བ་གྲོང་སྡེར་དམངས་སྲོལ་མགྲོན་ཁང་བསྐྲུན་ནས་མང་ཚོགས་ཀྱི་འཚོ་བ་ཇེ་ལེགས་སུ་བཏང་བའི་གནས་ཚུལ་བཀོད་པ།
ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་ལ་སྐུལ་སྤེལ་གཏོང་བའི་ཁྲོད། རྔ་བ་རྫོང་གིས་རིགས་མཐུན་རོགས་སྐྱོར་གྱི་ཐོན་ཁུངས་འདོན་སྤེལ་གང་ལེགས་བཏོན་ཞིང་། ཝུན་ཀྲོའུ་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཁག་དང་འབྲེལ་གཏུག་བྱས་ནས་དམངས་གཉེར་མ་འཇོག་ནང་འདྲེན་བྱས་པ་དང་། ཐུན་མོང་དཔལ་འབྱོར་དང་ཐོན་ལས་སྦྲེལ་བའི་བྱེད་ཐབས་ལ་བརྟེན་ནས། རྔ་བ་རྫོང་གི་ཁྱད་ལྡན་ལྗོངས་སྐོར་ཐོན་ཁུངས་གསར་སྤེལ་བྱས་ཏེ་རི་སྔོ་ཆུ་དྭངས་ཀྱིས་རོང་འབྲོག་མང་ཚོགས་ལ་གསེར་རི་དངུལ་རི་བསྐྲུན་ཡོད། མིག་སྔར་ཝུན་ཀྲོའུ་གྲོང་ཁྱེར་ཧྲུན་ཏ་རྒྱལ་སྤྱིའི་ལྗོངས་སྐོར་ཚད་ཡོད་ཀུང་སིས་རྔ་བ་རྫོང་མཚན་ཉིད་ཡུལ་ཚོ་ལ་མ་དངུལ་སྒོར་ཁྲི་700བཏང་ནས་བསྐྲུན་པའི་པན་ཡུན་ཅུས་མགྲོན་ཁང་གི་དུས་རིམ་དང་བོའི་རྣམ་གྲངས་བདེ་བླག་ངང་ལེགས་གྲུབ་བྱུང་བར་མ་ཟད། ཟླ་6ཚེས་18ཉིན་དངོས་སུ་ལས་གཉེར་ཚོད་ལྟ་བྱས།

མཚན་ཉིད་ཡུལ་ཚོ་མདོ་བ་གྲོང་སྡེ་ཡི་ཆུ་འགྲམ་གྱི་སྔོན་ཆད་ཀྱི་བེད་མེད་ས་དེར་པན་ཡུན་ཅུས་མགྲོན་ཁང་བསྐྲུན་ཡོད་ཅིང་། མགྲོན་ཁང་དེར་སྦྲ་གུར་མགྲོན་ཁང་12དང་སྤྲོ་གསེང་མགྲོན་ཁང་10ཡིས་གྲུབ། མགྲོན་ཁང་དེ་ནི་2018ལོའི་ཟླ་9བ་ནས་བསྐྲུན་མགོ་ཚུགས་པ་དང་། ད་ལྟའི་བར་དུ་ཟླ་བ་20འགོར་ཡོད། མགྲོན་ཁང་གི་ལྟེ་གནས་སུ་བཀོད་སྒྲིག་བྱས་པའི་ཉི་ཟླ་འོད་འཕྲོ། མཁའ་དབྱིངས་ཀྱི་མེ་ལོང་ཞེས་པའི་བཟོ་དབྱིབས་དེ་ས་གནས་དེའི་མིང་གྲགས་ཆེ་བའི་ས་རུ་གྱུར་ཡོད། པན་ཡུན་ཅུས་མགྲོན་ཁང་གི་དོ་དམ་པ་ཅང་ལི་ཡིས། ང་ཚོ་ནི་རྒྱལ་ཁབ་ཀྱི་A4རིམ་པའི་མཛེས་ལྗོངས་ཁུལ་གསེར་མཛོད་ཀྱི་ཉེ་འགྲམ་དུ་ཡོད་ཅིང་། མཁའ་དབུགས་གཙང་ཞིང་ཆུ་དྭངས་ལ་རི་སྔོ་བས་སྤྲོ་གསེང་གཏོང་བར་ཧ་ཅང་འཚམ་པོ་ཡིན་ཞེས་བཤད།
ཤེས་རྟོགས་བྱུང་བ་ལྟར་ན། པན་ཡུན་ཅུས་ཁྱད་ལྡན་མགྲོན་ཁང་གི་དུས་རིམ་དང་བོའི་རྣམ་གྲངས་སྤྱོད་མགོ་ཚུགས་རྗེས། ས་གནས་མང་ཚོགས་ལ་ལས་གནས་60ལྷག་འདོན་སྤྲོད་བྱས་ཡོད། རིག་བྱེད་ནི་མགྲོན་ཁང་གི་ལས་ཀ་བ་ཞིག་ཡིན་ལ། རང་ས་རང་ཡུལ་ནས་དབུལ་སྒྲོལ་ཐུབ་ཡོད། རིག་བྱེད་ཀྱིས་ཀུང་སིས་ང་ཝུན་ཀྲོའུ་རུ་གསོ་སྦྱོང་བྱེད་པར་མངགས་པ་དང་། ད་ལྟ་ཟླ་རེར་གླ་སྒོར་3000ཙམ་ཡོད་ལ། ངེད་ཚང་གི་འཚོ་བ་ཉིན་བཞིན་ཇེ་བཟང་དུ་འགྲོ་བཞིན་ཡོད་ཅེས་བཤད།



མཚན་ཉིད་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་ཡན་པོ་ཞའོ་ཡིས། མགྲོན་ཁང་བསྐྲུན་རྗེས། ཕྱོགས་གཅིག་ནས་ལོ་རེར་གྲོང་སྡེ་ཡོངས་ཀྱི་སྡེ་མི་ཚོར་ཁེ་སྤོགས་སྒོར་ཁྲི་15བགོ་རྒྱུ་ཡོད་ལ། མི་རེར་ཆ་སྙོམས་སྒོར་600ལྷག་ཡོད་པ་དང་། ཕྱོགས་གཞན་ནས་དབུལ་བོར་ལས་གནས་མཁོ་འདོན་བྱས་པ་དང་། ས་གནས་ཀྱི་ཁྱད་ལྡན་ཐོན་རྫས་ཕྱིར་འཚོང་བའི་ཐབས་ལམ་ཇེ་ཆེར་བཏང་སྟེ་མདོ་བ་གྲོང་སྡེའི་དབུལ་བྲལ་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ཡོད་དོ།།