རང་རྒྱལ་གྱི་ཏོག་གསར་གློ་ཚད་ཀྱི་དུག་གསོད་འགོག་ཁབ་རིགས་གཉིས་ལ་ནད་ཐོག་ཚོད་ལྟ་བྱེད་པའི་ཆོག་མཆན་ཐོབ།

ཡོང་ཁུངས། མི་དམངས་དྲ་བ།
སྤེལ་དུས།: ༢༠༢༠ ལོའི་ཟླ་ ༤ ཚེས་ ༡༦

     ཟླ་4ཚེས་14ཉིན། གསར་འགོད་པས་རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་བཅོས་ལམ་སྲོལ་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་གསལ། རང་རྒྱལ་གྱི་ཏོག་གསར་གློ་ཚད་ཀྱི་དུག་གསོད་འགོག་ཁབ་རིགས་གཉིས་ལ་རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱི་དུས་རིམ་དང་པོ་དང་གཉིས་པ་ཟླ་སྒྲིལ་བྱས་པའི་ནད་ཐོག་སྨན་བཅོས་ཀྱི་ཚོད་ལྟ་བྱེད་པའི་ཆོག་མཆན་ཐོབ་ཡོད་ཅིང་། འབྲེལ་ཡོད་ནད་ཐོག་སྨན་བཅོས་ཚོད་ལྟ་མཉམ་དུ་འགོ་བརྩམ་རྒྱུ་རེད། འདི་ནི་ནད་ཐོག་ཞིབ་འཇུག་གི་ཆོག་མཆན་ཐོབ་པའི་ཏོག་གསར་གློ་ཚད་ནད་དུག་གསོད་པའི་འགོག་ཁབ་ཁག་དང་པོ་རེད། ཏོག་གསར་གློ་ཚད་ཀྱི་དུག་གསོད་འགོག་ཁབ་རིགས་འདི་གཉིས་སོ་སོ་ནི་རྒྱལ་སྨན་ཚོགས་པའི་ཀྲུང་གོའི་སྐྱེ་དངོས་ཝུའུ་ཧན་སྐྱེ་དངོས་ཐོན་རྫས་ཞིབ་འཇུག་ཁང་དང་། པེ་ཅིང་ཁོའོ་ཞིང་ཀྲུང་ཝེ་སྐྱེ་དངོས་ལག་རྩལ་ཚད་ཡོད་ཀུང་སིའི་འབྲེལ་ཡོད་ཞིབ་འཇུག་སྡེ་ཁག་དང་མཉམ་འབྲེལ་ངང་གསར་སྤེལ་བྱས་པ་རེད། 


     རིམས་ནད་བྱུང་ཚུན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་བཅོས་ལམ་སྲོལ་གྱི་ཚན་ཞིབ་འགག་སྒྲོལ་ཚོགས་ཆུང་ལ་ཆེད་དུ་འགོག་ཁབ་ཞིབ་འཇུག་གསར་སྤེལ་གྱི་ཆེད་ལས་འཛིན་གྲྭ་བཙུགས་ནས། གོམ་པ་བརྟན་པོས་ངང་ཞིབ་འཇུག་གསར་སྤེལ་བྱེད་ཀྱི་ཡོད། འདིའི་སྔོན་དུ། དམག་དོན་ཚན་རིག་སློབ་གླིང་དམག་དོན་གསོ་རིག་ཞིབ་འཇུག་གླིང་གིས་གཤེར་རྨེན་ནད་དུག་ཐེག་གཟུགས་ཀྱི་རིམས་འགོག་སྨན་ཁབ་ལ་ནད་ཐོག་སྨན་བཅོས་ཀྱི་ཚོད་ལྟ་བྱ་རྒྱུའི་ཆོག་མཆན་ཐོབ་ཡོད།