ཞི་ཅིན་ཕིང་ཨའོ་མོན་དུ་ཕེབས་འབྱོར་ཟིན་པ།

ཡོང་ཁུངས།
སྤེལ་དུས།: ༢༠༡༩ ལོའི་ཟླ་ ༡༢ ཚེས་ ༢༠

སྤེལ་དུས 2019-12-19 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།

           ཞི་ཅིན་ཕིང་ཨའོ་མོན་དུ་ཕེབས་འབྱོར་ཟིན་ནས་ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་ངོ་20འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་ལྔ་པའི་སྲིད་གཞུང་གི་འགན་བཞེས་མཛད་སྒོར་ཞུགས་གནང་རྒྱུ་མ་ཟད་ཨའོ་མོན་ལ་གཟིགས་ཞིབ་གནང་རྒྱུ་ཡིན་པ།
           ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་18ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ཏེ་ཨའོ་མོན་དུ་ཕེབས་འབྱོར་ཟིན་ནས་སྤྱི་ཚེས་20ཉིན་འཚོག་རྒྱུའི་ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་ངོ་20འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་ལྔ་པའི་སྲིད་གཞུང་གི་འགན་བཞེས་མཛད་སྒོར་ཞུགས་གནང་རྒྱུ་མ་ཟད་ཨའོ་མོན་ལ་གཟིགས་ཞིབ་གནང་རྒྱུ་ཡིན་པ་རེད། 
           ཕྱི་དྲོའི་ཆུ་ཚོད་4པར། ཞི་ཅིན་ཕིང་ཞུགས་པའི་ཆེད་གཏོང་གནམ་གྲུ་ཨའོ་མོན་རྒྱལ་སྤྱིའི་གནམ་ཐང་དུ་དལ་པོའི་ངང་བབས་པ་དང་། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་གནམ་གྲུ་ནས་ཕྱིར་ཕེབས་སྐབས་བསུ་བ་ཞུ་མཁན་མི་ཚོགས་ལ་ཕྱག་གཡུག་གཡུག་གནང་ནས་གུས་ལན་གནང་ཡོད། ཨའོ་མོན་གྱི་ཉེན་རྟོག་རོལ་ཆ་རུ་ཁག་གིས་སྤྲོ་སེམས་འཁོལ་བའི་དགའ་སྟོན་རྟེན་འབྲེལ་གྱི་བསུ་བ་ཞུ་བའི་རོལ་དབྱངས་དཀྲོལ་གཏོང་བྱས་པས་དེ་གར་སྤྲོ་སྣང་རབ་ཏུ་འཕེལ་ཡོད། གནམ་གྲུའི་སྐས་ཀའི་འགྲམ་དུ་ཨའོ་མོན་གྱི་ལོ་ཆུང་བྱིས་པ་གཉིས་ནས་ཞི་ཅིན་ཕིང་དང་ཕེང་ལི་ཡོན་ལ་མེ་ཏོག་སོས་པ་ཕུལ་ཡོད། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཚུའེ་ཧྲེ་ཨན་དང་སྐུ་ཟླ་ཧོ་ཧུའེ་ཧྥེན་གྱི་ཕེབས་རོགས་འོག་ཞི་ཅིན་ཕིང་དང་ཕེང་ལི་ཡོན་ནས་བསུ་ཞུར་བཅར་བའི་མི་སྣར་མཛའ་བརྩེའི་ངང་ཕྱག་བཏང་གནང་ཡོད། ཨའོ་མོན་གྱི་གཞོན་ནུ་ལོ་ཆུང་དང་ལས་རིགས་ཁག་གི་མང་ཚོགས་ཀྱི་འཐུས་མི་བརྒྱ་ཕྲག་གིས་རྒྱལ་དར་དང་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཁུལ་དར། མེ་ཏོག་སོས་པ་བཅས་གཡུག་གཡུག་བྱས་ཏེ་ཞི་ཅིན་ཕིང་ཕེབས་པར་སྤྲོ་སེམས་འཁོལ་པོས་བསུ་བ་ཞུས་ཡོད། ཞི་ཅིན་ཕིང་ད་ཐེངས་ཨའོ་མོན་དུ་ཕེབས་པར་རྒྱལ་ཁབ་ཕྱི་ནང་གིས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་པ་དང་། ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པ་བརྒྱ་ལྷག་ཙམ་གནམ་ཐང་དུ་ཕེབས་སྒུག་ཞུས་ནས་བསྡད་ཡོད། ཞི་ཅིན་ཕིང་གིས་བཅར་འདྲི་བྱེད་སར་ཕེབས་ནས་གསར་འགོད་པར་འཚམས་འདྲི་གནང་ཡོད་པ་རེད།
           ཞི་ཅིན་ཕིང་གིས། སླར་ཡང་མཛེས་སྡུག་ལྡན་པའི་ཨའོ་མོན་དུ་སླེབས་པར་དགའ་ཚོར་ཆེན་པོ་བྱུང་། ད་ལོ་ང་ཚོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས་ཡོད། ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་ངོ་20འཁོར་བ་ནི་ད་ལོའི་རྒྱལ་ཡོངས་མི་དམངས་ནས་དོ་ཁུར་བྱེད་པའི་དོན་ཆེན་གཞན་ཞིག་རེད། ང་རང་ནས་ཀྲུང་དབྱང་སྲིད་གཞུང་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཚབ་ཞུས་ཏེ། ཨའོ་མོན་གྱི་སྤུན་ཟླར་སྤྲོ་སེམས་འཁོལ་པོས་བཀྲི་ཤིས་བདེ་ལེགས་དང་སྨོན་འདུན་བཟང་པོ་ཞུ་རྒྱུ་ཡིན། ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་ངོ་20སོང་རིང་ཐོབ་པའི་གྲུབ་འབྲས་དང་ཡར་རྒྱས་ནི་མི་རྣམས་སྤོབས་པ་སྐྱེ་འོས་པ་ཞིག་དང་། མེས་རྒྱལ་མི་དམངས་དང་ཀྲུང་དབྱང་སྲིད་གཞུང་ཡང་སྤོབས་པ་སྐྱེ་འོས་པ་ཞིག་རེད། ཨའོ་མོན་གྱིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་མཛད་ཕྱོགས་ལག་བསྟར་ནན་ཏན་བྱས་པར་ཐོབ་པའི་ཉམས་མྱོང་དང་ལྡན་པའི་ཁྱད་ཆོས་ནི་ཕྱོགས་སྡོམ་བྱེད་འོས་པ་ཞིག་ཡིན་པ་དང་། ཨའོ་མོན་གྱི་འབྱུང་འགྱུར་གོང་འཕེལ་གྱི་མཛེས་སྡུག་ལྡན་པའི་འཆར་འགོད་ང་ཚོས་མཉམ་དུ་བཟོ་དགོས་དགོས་པ་དང་། རྗེས་མཐུད་ཀྱི་འཚམས་འདྲིའི་བྱེད་སྒོའི་ནང་ཨའོ་མོན་གྱི་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་དང་ལྷན་དུ་ཐུན་མོང་ཐོག་དོ་ཁུར་བྱེད་པའི་གནད་དོན་ཐད་སྤེལ་རེས་མང་ཙམ་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་གནང་བ་རེད།
           ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་གཞུང་ལས་ཐིང་གི་ཀྲུའུ་རེན་ཏིང་ཞུའེ་ཞང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཝང་ཁྲེན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཡིའུ་ཞ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མ་པིའོ་སོགས་ཕེབས་རོགས་མི་སྣ་གནམ་གྲུ་གཅིག་ནང་ཞུགས་ཏེ་ཕེབས་འབྱོར་ཟིན་ཡོད། རྒྱལ་དོན་ཨུ་ཡོན་དང་ཕྱི་འབྲེལ་པུའི་པུའུ་ཀྲང་གཅིག་ལྕོགས་ཝང་དབྱི་སྔོན་ལ་ཕེབས་འབྱོར་ཟིན་ཡོད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧོ་ཧོའུ་ཧྭ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་འོས་སྒུག་སྲིད་འཛིན་དཔོན་ཧོ་དབྱི་ཁྲེང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་ད་ལྟའི་སྲིད་འཛིན་དང་། ཁྲིམས་འཛུགས། སྲིད་ཁྲིམས་ལས་ཁུངས་བཅས་ཀྱི་འགན་འཁུར་བ་སོགས་གནམ་ཐང་དུ་ཕེབས་བསུར་བཅར་ཡོད། ཨའོ་མོན་དུ་བཅའ་སྡོད་ཀྲུང་དབྱང་གི་འབྲེལ་གཏུག་གཞུང་ལས་ཁང་གི་ཀྲུའུ་རེན་ཧྥུ་ཙི་ཡིང་དང་། ཨའོ་མོན་དུ་བཅའ་སྡོད་ཕྱི་འབྲེལ་པུའི་དམིགས་བསལ་མངགས་གཏོང་མི་སྣ་ཧྲེན་ཕེ་ལི། ཨའོ་མོན་དུ་བཅའ་སྡོད་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དཔུང་སྡེའི་དམག་སྤྱི་ཞུའེ་ལེའང་ཚའེ། ཆབ་སྲིད་ཨུ་ཡོན་སུན་ཝུན་ཅུས་སོགས་ཀྱང་གནམ་ཐང་དུ་ཕེབས་བསུར་བཅར་ཡོད་པ་རེད།