བོད་སྐྱོར་ལས་བྱེད་ལི་ཅུན་ལགས། བདེ་བར་བཞུད་ཅིག
ཡོང་ཁུངས། ངེད་དྲ་བ།
སྤེལ་དུས།: ༢༠༡༩ ལོའི་ཟླ་ ༡༢ ཚེས་ ༡༨

ཚེས་14ཉིན། འབར་ཁམས་གྲོང་ཁྱེར་གསར་རྫོང་གྲོང་རྡལ་གྱི་ལས་བསྐོས་བྱས་ནས་ཏང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་བཞེས་པ་དང་། གསར་རྫོང་གྲོང་རྡལ་བཅའ་སྡོད་ལས་དོན་རུ་ཁག་གི་བོད་སྐྱོར་ལས་བྱེད་པ་ལི་ཅུན་སྟབས་མ་ལེགས་པར་སྐུ་གཤེགས།


ལི་ཅུན་བོད་སྐྱོར་རོགས་སྐྱོར་དང་དབུལ་བྲལ་གནད་སྒྲོལ་གྱི་ལས་སུ་ཞུགས་པའི་ཉིན་མོ་700ལྷག་ཙམ་རིང་། ཧུར་ཐག་འབད་ཐག་གིས་ལས་དོན་རེ་རེ་བཞིན་ཡག་པོ་བསྒྲུབས་ནས་ཞིང་བའི་མཚན་མོའི་སློབ་གྲྭ་འཛུགས་གཉེར་གྱིས་བསམ་བློའི་ཐོག་ནས་དབུལ་སྒྲོལ་ལ་དམ་འཛིན་བྱས་པ་དང་། འཚོལ་ཞིབ་ཁྲོད་ཐོན་ལས་འཕེལ་རྒྱས་བཏང་ནས་མང་ཚོགས་དབུལ་བྲལ་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་བྱས། སྤྲོ་སེམས་འཁོལ་བའི་ངང་ནས་མང་ཚོགས་ལ་ཐོན་སྐྱེད་དང་འཚོ་བའི་གནད་དོན་ཐག་གཅོད་བྱེད་རོགས་བྱས། ན་ནིང་གསར་རྫོང་སྡེ་བས་དབུལ་ཞྭ་ཕུད་དེ་དུད་ཚང་དབུལ་བོ་15ཡི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་3750ལས་བརྒལ་ཡོད་པ་རེད། འབར་ཁམས་གྲོང་ཁྱེར་ཨུ་ཡིས་སྡེ་སྡོད་ཕུལ་བྱུང་དབུལ་སྐྱོར་ལས་བྱེད་པའི་མཚན་སྙན་སྤྲད་པ་དང་། གསར་རྫོང་སྡེ་བ་གྲོང་ཁྱེར་རིམ་པའི་གྲོང་གསེབ་དར་རྒྱས་དཔེ་སྟོན་སྡེ་བ་དང་ཁུལ་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་སྡེ་བར་བདམས།
སློབ་གསོའི་ལས་དོན་པ་ཞིག་ཡིན་པའི་ངོས་ནས་ལི་ཅུན་གྱིས་སློབ་མ་རེ་རེའི་ཡིད་དབང་བཀུག་པར་རྒྱ་ཆེའི་སློབ་མ་ཚོས་དགའ་པོ་བྱེད་ཀྱིན་ཡོད། ཁོང་སྔ་རྗེས་སུ་སློབ་གླིང་དེའི་ཕུལ་བྱུང་གི་ཟུར་ཁྲིད་པ་དང་ཕུལ་བྱུང་གི་དགེ་རྒན་དུ་ཐེངས་དྲུག་ལ་བདམས་པ་དང་། ཐེངས་གཉིས་སུ་ཏེ་དབྱང་གྲོང་ཁྱེར་གྱི་ཕུལ་བྱུང་ཏང་ཡོན་དུ་བདམས།
ཟླ་12ཚེས་17ཉིན་གྱི་ཞོགས་པར། འབར་ཁམས་གྲོང་ཁྱེར་པུར་ཁང་དུ་རྩྭ་རྩི་ཤིང་ལ་སྐྱོ་གདུང་གིས་ཁེངས་ནས་འདུག འབར་ཁམས་གྲོང་ཁྱེར་གྱི་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་རང་འགུལ་ངང་དེ་གར་ཡོང་ནས་མིག་ཟུང་མཆི་མས་བརླན་ཞིང་ཁོང་ཚོའི་སེམས་ནང་གི་བོད་སྐྱོར་ལས་བྱེད་པ་བཟང་བོ་ལི་ཅུན་དང་ཞལ་གྱེས་ཞུས་པ་རེད་དོ།།