ཐེན་ཡུག་ཏི་བུམ་པ་རྟགས་ཅན་གྱི་ཉིས་སྟོང་བཅུ་དགུ་ལོའི་མཚོ་སྐོར་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་སྐབས་བཅོ་བརྒྱད་པ་མཚོ་ཤར་གྲོང་ཁྱེར་ཙོང་ཆུའི་ས་ཁུལ་གསར་བ་ནས་སྤེལ་འགོ་བརྩམས།
ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།
སྤེལ་དུས།: ༢༠༡༩ ལོའི་ཟླ་ ༧ ཚེས་ ༡༦

ཟླ་བདུན་པའི་ཚེས་བཅུ་གསུམ་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུའི་སྟེང་། ཐེན་ཡུག་ཏི་བུམ་པ་རྟགས་ཅན་གྱི་ཉིས་སྟོང་བཅུ་དགུ་ལོའི་མཚོ་སྐོར་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་སྐབས་བཅོ་བརྒྱད་པ་མཚོ་ཤར་གྲོང་ཁྱེར་ཙོང་ཆུའི་ས་ཁུལ་གསར་བ་ནས་སྤེལ་འགོ་བརྩམས་པ་དང་ཆུ་ཚད་མཐོ་བའི་ལྕགས་རྟ་རུ་ཁག་ཉེར་གཉིས་ཀྱི་ལུས་རྩལ་པ་བརྒྱ་དང་ང་བཞི་འགྲན་བསྡུར་འགོ་བརྩམས་པའི་མཛད་སྒོར་ཞུགས།
མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་འགྲན་བསྡུར་མཛད་སྒོར་ཞུགས་པར་མ་ཟད་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ལིས་ཅན་མེན་དང་ཀན་སུའུ་ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་ཀྲང་ཧྲི་ཀྲིན། ཉིན་ཞ་ཧོས་རིགས་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་དབྱང་ཕེ་ཅོན་བཅས་དང་མཉམ་དུ་སྐབས་བཅོ་བརྒྱད་པའི་མཚོ་སྐོར་ལྕགས་རྟ་འགྲན་བསྡུར་འགོ་བརྩམས་པ་ཁྱབ་སྒྲོག་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་དང་རྒྱལ་སྤྱིའི་ལྕགས་རྟ་མནའ་འབྲེལ་གྱི་འཐུས་མི་མཱ་ཅི་ཏི་ཧ་ཞི་མུའུ་ཁི་ལན། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ལིས་ཅན་མེན་བཅས་ཀྱིས་ཤིས་ཚིག་ཕུལ།
མཛད་སྒོའི་སྟེང་ལིག་ཉིང་གིས་ཤིས་ཚིག་འབུལ་སྐབས། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་ཚབ་བྱས་ཏེ་ཐེངས་འདིའི་འགྲན་བསྡུར་ལ་ཞུགས་པའི་ལུས་རྩལ་པ་དང་རྩལ་ཁྲིད་པ། ཤན་འབྱེད་པ། གསར་འགྱུར་ལས་རིགས་ཀྱི་གྲོགས་པོ་རྣམས་ལ་དགའ་བསུ་ཞུ་བའི་ཚུལ་བསྟན། ཁོས་བཤད་རྒྱུར། ང་ཚོས་ལྗང་མདོག་འགྲན་སྒྲུབ་དང་སྒོ་འབྱེད་འགྲན་སྒྲུབ། གསར་སྐྲུན་འགྲན་སྒྲུབ། མཉམ་སྤྱོད་འགྲན་སྒྲུབ། སྤྱོད་གཙང་འགྲན་སྒྲུབ་བཅས་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ་དང་། སྟོབས་ཤུགས་ཡོད་རྒུ་བཏོན་ནས་ཞབས་ཕྱིའི་འགན་སྲུང་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་ནས། སྐབས་འདིའི་འགྲན་བསྡུར་དེ་ཚད་གཞི་མཐོ་ཞིང་ཆུ་ཚད་མཐོ་བ་དང་ནང་དོན་ཕུན་སུམ་ཚོགས་པ་ཞིག་ཏུ་བསྒྲུབ་ངེས་ཡིན་ཟེར།


ལིས་ཅན་མེན་གྱིས་བཤད་རྒྱུར། མཚོ་སྐོར་ལྕགས་རྟ་འགྲན་བསྡུར་དེ་ཉིས་སྟོང་གཉིས་ལོར་སྤེལ་འགོ་བརྩམས་པ་དང་ལོ་བཅོ་བརྒྱད་རིང་ལ་གསོ་སྐྱོང་དང་གསར་སྐྲུན་བྱས་པ་བརྒྱུད། མཚོ་སྐོར་ལྕགས་རྟ་འགྲན་བསྡུར་དེ་སྔར་ལས་འཕེལ་རྒྱས་སུ་བྱུང་བ་དང་འཛམ་གླིང་གི་ཚད་གཞིར་སླེབས་ཤིང་ཐུན་མོང་མ་ཡིན་པའི་འགྲན་བསྡུར་གལ་ཆེན་ཞིག་ཡིན་ཟེར། །