ཆུ་ཆེན་རྫོང་གིས་སྐབས་དྲུག་པའི་ཆང་བ་ལིའི་མེ་ཏོག་དུས་སྟོན་སྤེལ།
ཡོང་ཁུངས། ངེད་དྲ་བ།
སྤེལ་དུས།: ༢༠༡༩ ལོའི་ཟླ་ ༣ ཚེས་ ༢༠
ཟླ་3པའི་ཚེས་16ཉིན། 2019ལོའི་སི་ཁྲོན་མེ་ཏོག་གི་སྐྱེ་ཁམས་ལྗོངས་སྐོར་དུས་ཆེན་གྱི་ཡན་ལག་ཚོགས་ར་དང་ཆུ་ཆེན་རྫོང་གི་སྐབས་དྲུག་པའི་ཆང་བ་ལིའི་མེ་ཏོག་དུས་སྟོན་ཆུ་ཆེན་རྫོང་དུ་དངོས་སུ་མགོ་བརྩམས་བྱུང་།
ཆང་བ་ལིའི་མེ་ཏོག་དུས་སྟོན་གྱི་འགོ་ཚུགས་མཛད་སྒོར། སྐད་གྲགས་ཆེ་བའི་གླུ་མ་འཇམ་དབྱངས་སྒྲོལ་མ་དང་གླུ་བ་གཡུང་དྲུང་རྒྱལ། ཡ་ཏུང་སོགས་ཀྱིས་རིག་རྩལ་འཁྲབ་སྟོན་གྱ་ནོམ་པ་བྱས་པ་དང་། གླུ་གར་འཁྲབ་སྟོན་དང་དུས་མཚུངས་སུ་ཆུ་ཆེན་རྫོང་གི་ཞིང་ལས་ཁྱད་ལྡན་ཐོན་རྫས་འགྲེམ་ཚོང་དང་ཁྱད་ལྡན་ཟས་ཞིམ་གསོལ་སྟོན་ཆེན་མོ་བཤམ་སྟོན་བྱས།
རྒྱུས་ལོན་པ་ལྟར་ན། ཉེ་བའི་ལོ་ཤས་རིང་། ཆུ་ཆེན་རྫོང་ཨུ་སྲིད་གཞུང་གིས་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་ཆེད། གྲོང་གསེབ་འཕེལ་རྒྱས་སུ་གཏོང་བའི་འཐབ་ཇུས་ལ་དམ་པོར་དམིགས་ཏེ། ཤུགས་ཆེན་པོས་ཆུ་ཆེན་རྫོང་གི་རིག་གནས་ལྗོངས་སྐོར་གྱི་ཐོན་ཁུངས་དྲིལ་བསྒྲགས་བྱས་ཤིང་། རྒྱུན་མཐུད་ངང་ཆུ་ཆེན་ཆང་བ་ལིའི་མེ་ཏོག་གི་ལྗོངས་སྐོར་གྱི་སྤུས་རྟགས་ཁྱབ་གདལ་བཏང་ནས། ཀྲུང་གོའི་མཛེས་སྡུག་ལྡན་པའི་ཞིང་སྡེ་དང་རྔ་བའི་འབྲི་ཆུའི་ལྷོ་རྒྱུད་བཅས་ཀྱི་མཚན་སྙན་ཀུན་ཏུ་རྒྱས་ཡོད།




