རི་འཛེག་ཐོན་ལས་ཀྱིས་ཞིང་འབྲོག་པར་འབབ་འཕར་ཡོང་རྒྱུར་རམ་འདེགས་བྱས་པ།
ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༨ ལོའི་ཟླ་ ༡༡ ཚེས་ ༢༦
ཉེ་བའི་ལོ་ཤས་རིང་། བོད་ལྗོངས་རི་འཛེག་མཐུན་ཚོགས་སྐབས་ལྔ་པས་རི་བོའི་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་རི་བོའི་ཐོན་ཁུངས་ཀྱི་ལེགས་ཆ་དཔལ་འབྱོར་གྱི་ལེགས་ཆར་བསྒྱུར་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བས་རི་འཛེག་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་ཞིག་རགས་ཙམ་གྲུབ་སྟེ་རི་ཁུལ་གྱི་ཞིང་འབྲོག་མང་ཚོགས་རི་འཛེག་སྣེ་ལེན་ལས་དོན་ནང་ཞུགས་རྒྱུར་ཁྲིད་སྟོན་ཧུར་ཐག་ཐུབ་པ་དང་། རི་འཛེག་ཞབས་ཞུའི་ལས་རིགས་ཀྱིས་རི་ཁུལ་དཔལ་འབྱོར་འཛུགས་སྐྲུན་ལ་ཞབས་ཞུ་དང་ཞིང་འབྲོག་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་རྒྱུར་སྐུལ་འདེད་གཏོང་བའི་ཐད་ལེགས་གྲུབ་ལྡན་པའི་ཉམས་མྱོང་བསགས་པ། རི་ཁུལ་མང་ཚོགས་རང་ཡུལ་དང་ཁ་བྲལ་མི་དགོས་པར་ཐག་ཉེ་ས་དང་སྟབས་བདེ་སར་རྒྱུན་མཐུད་ངང་དཔལ་འབྱོར་ཡོང་འབབ་གསོག་རྒྱུའི་དམིགས་ཚད་མངོན་འགྱུར་རགས་ཙམ་ཐུབ་པ། འབབ་འཕར་ཕྱུག་འགྱུར་གྱི་ལམ་བུ་དང་ཐབས་ལམ་རྒྱ་སྐྱེད་དུ་ཕྱིན་པ་བཅས་རེད།
མིག་སྔའི་བར་རང་ལྗོངས་ཀྱིས་ཕྱི་ཕྱོགས་སུ་སྒོ་དབྱེ་བྱེད་པའི་རི་བོ་46ཡོད་པ་དེའི་ནང་སྨི་8000ཡན་གྱི་རི་བོ་5ཡོད་པ་དེས་རང་ལྗོངས་ཀྱི་རི་འཛེག་ཐོན་ལས་རྒྱུན་མཐུད་འཕེལ་རྒྱས་འགྲོ་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད། ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱིས་ཨ་རི་དང་། ཧྥ་རན་སེ། དབྱི་ཐ་ལི། སུའེ་ཙེར་བཅས་རྒྱལ་ཁབ་དང་ས་ཁུལ་40ལྷག་ཙམ་ནས་ཡོང་བའི་རི་འཛེག་པ་མི་ཐེངས་ཁྲི་གཉིས་ལྷག་ཙམ་ལ་སྒྲིག་འཛུགས་སྣེ་ལེན་བྱས་པར་དཔལ་འབྱོར་གྱི་ཕན་འབྲས་ལེགས་ཙམ་ཐོན་ཡོད།