ལི་ཐང་རྫོང་གི་ས་མཐོའི་ཤིང་འབྲས་དང་སྔོ་ཚལ་གྱིས་སི་ཁྲོན་ཟོང་རྟགས་ཀྱི་སྙན་གྲགས་ཆེ་རུ་བཏང་།
ཡོང་ཁུངས། ཁམས་པའི་དྲ་བ།
སྤེལ་དུས།: ༢༠༡༨ ལོའི་ཟླ་ ༡༡ ཚེས་ ༧

ཞིང་ལས་ཚད་གཞིའི་མ་ལག་འཐུས་ཚང་དུ་བཏང་ནས་ཞིང་ལས་ཚད་གཞི་ཅན་གྱི་ཐོན་སྐྱེད་བྱེད་པར་སྐུལ་སྤེལ་བཏང་བ། ལི་ཐང་རྫོང་གིས་སི་ཁྲོན་ཞིང་ལས་སློབ་ཆེན་དང་མཉམ་ལས་བྱས་ནས། ཚན་རིག་ལག་རྩལ་གྱི་གྲུབ་འབྲས་དང་ལག་ལེན་གྱི་ཉམས་མྱོང་ཕྱོགས་བསྡོམས་བྱས་ཤིང་སི་ཁྲོན་ཞིང་ལས་སློབ་ཆེན་ལ་མངགས་བཅོལ་བྱས་ཏེ། ས་མཐོའི་ཤིང་འབྲས་དང་སྔོ་ཚལ་གྱི་ཐོན་སྐྱེད་དང་ལས་སྣོན། མཚོན་རྟགས། ཕྱིར་འཚོང་། དོ་དམ་མ་ལག་བཅས་ཕྱོགས་བཞིའི་ཐད་ནས《མཐོ་སྒང་སྐྱེ་ཁམས་ཞིང་ལས་ཀྱི་ཚད་གཞི》བསྒྲིགས་ཡོད་ཅིང་། གཅིག་གྱུར་གྱི་བཀོལ་སྤྱོད་སྒྲིག་སྲོལ་དང་ལག་རྩལ་གྱི་ཚད་གཞི་ལྟར། ས་མཐོའི་ཤིང་འབྲས་དང་སྔོ་ཚལ་འདེབས་འཛུགས་དོ་དམ་དང་། གནོད་འབུ་འགོག་བཅོས། ལས་སྣོན་ཐུམ་སྒྲིལ། གྲང་ཉར་ཕྱི་ཚོང་བཅས་བྱས་ནས་དཔལ་འབྱོར་ཕན་འབྲས་དང་སྤྱི་ཚོགས་ཕན་འབྲས། སྐྱེ་ཁམས་ཕན་ནུས་བཅས་འཐོབ་ཐབས་བྱས་ཡོད་པ་རེད།
ཞིང་ལས་ཐོན་རྫས་ཀྱི་ཚོང་རྟགས་ཐོ་འགོད་དང་ས་གཤིས་མཚོན་རྟགས་རེ་ཞུ་ཧུར་ཐག་བྱས་ནས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཞིང་ལས་ཁྱད་རྟགས་བསྐྲུན་ཡོད། ལི་ཐང་རྫོང་གིས་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་སྤུས་ཀའི་ལེགས་ཆ་དམ་འཛིན་ནན་པོར་བྱས་ནས། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་ཞིབ་དཔྱད་ཚད་ལེན་དང་ཚད་གཞི་དཔང་གཅོད་བྱ་རྒྱུར་ཤུགས་བརྒྱབ་སྟེ། ལི་ཐང་འབྲི་གཡག་དང་ལི་ཐང་ཚགས་ཤའི་ས་གཤིས་མཚོན་རྟགས་ཐོ་འགོད་ལེགས་གྲུབ་ཟིན་པས་མ་ཚད་སྤྱི་གནོད་མེད་པའི་ཞིང་ལས་ཐོན་རྫས་ཀྱི་ཐོན་ཡུལ་མུའུ་ཁྲི4.8སྙན་ཞུ་བྱས་པ་རེད། ད་ལྟར་ལི་ཐང་གི་ལ་ཕུག་དཀར་པོ་དང་ཤྭ་མངར་སོགས་སྐྱེ་ཁམས་ཀྱི་ཐོན་ཡུལ་མཚོན་རྟགས་སྙན་ཞུ་ཕུལ་ནས་ས་མཐོའི་སྔོ་ཚལ་དང་མཁའ་དབྱིངས་འབྲོག་ར་སོགས་ཞིང་ལས་ཐོན་རྫས་ཀྱི་ཚོང་རྟགས་གྲགས་ཅན་གསར་སྐྲུན་ཧུར་ཐག་བྱེད་བཞིན་ཡོད། ལི་ཐང་རྫོང་ཁམས་བོད་ཉི་འོད་ཞིང་འབྲོག་ལས་རིགས་ཚན་རྩལ་གསར་སྦོལ་ཚད་ཡོད་སྤྱི་གཉེར་ཁང་གིས་སི་ཁྲོན་ཞིང་ཆེན་གྱིས་ཤང་ཀང་དང་ཨའོ་མོན། ཐའེ་ཝན། ཨེ་ཤེ་ཡའི་ཤར་ལྷོའི་ས་ཁུལ་དུ་མཁོ་སྤྲོད་བྱས་པའི་ཕྱིར་གཏོང་སྔོ་ཚལ་འདེབས་འཛུགས་བྱེད་སའི་རྟེན་གཞི་ཐོ་འགོད་སྙན་སེང་ཞུས་པ་དང་དུས་མཚུངས་སུ་སྔོ་ཚལ་ཕྱིར་གཏོང་ལས་སྣོན་རྟེན་གཞི་ཐོ་འགོད་སྙན་སེང་ཞུས་པར་ལེགས་གྲུབ་བྱུང་ཡོད་པ་རེད།