སི་ཁྲོན་ལི་ཐང་རྫོང་དུ་སེར་བ་བབས་ནས་སྒོར་ཁྲི་80ལྷག་གི་གྱོང་གུན་ཐེབས་པ།
ཡོང་ཁུངས། མི་དམངས་དྲ་བ།
སྤེལ་དུས།: ༢༠༡༨ ལོའི་ཟླ་ ༩ ཚེས་ ༢༩

ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་9ཚེས་25ཉིན་གྱི་ཕྱི་དྲོའི་ཆུ་ཚོད་4དང་སྐར་མ་46ཐོག ལི་ཐང་རྫོང་མོ་ལ་སྟོད་ཤང་གི་སྲིད་འཛིན་གྲོང་ཚོ་11ལ་སེར་བ་དྲག་པོ་ཞིག་བབས་པ་དང་། དེ་ནི་སྟོན་ཁ་སླེབས་ནས་བཟུང་རྫོང་དེ་ལ་བབས་པའི་སེར་བ་ཐེངས་དང་པོ་དེ་ཡིན་པ་དང་། དེ་ཡིས་སྟོན་བསྡུ་ལ་སླེབས་ཡོད་པའི་མུའུ་སྟོང་ལྷག་གི་སྙེ་མ་སྨིན་པའི་ནས་ཞིང་རྩ་བརླག་བཏང་བ་རེད།
སེར་བ་ཧ་ཅང་ཆེན་པོ་ཡོད་ལ། དུས་ཡུན་སྐར་མ་30རིང་ལ་བབས་པས། ཞིང་ཁ་རུ་སེར་བས་ཁེངས་པར་གྱུར་ལ། ཁང་པའི་མདུན་རྒྱབ་ཏུའང་སེར་བས་ཁེངས་ཡོད། ཚེས་25ཉིན་གྱི་སྔ་དྲོར། ཞིང་པ་ཚོས་ནས་བརྔ་བསྡུ་བྱས་ཀྱང་། ཕྱི་དྲོ་རུ་སེར་བ་བབས་པས། བརྔ་བསྡུ་བྱས་མ་ཚར་བའི་ནས་ཞིང་མང་པོ་སེར་བས་བཅོམ་པས། ཞིང་ཁ་གང་ས་གང་དུ་སེར་བས་གཏོར་བརླག་བཏང་བའི་ནས་འབྲུ་ཐོར་ཡོད། གྲོ་ལ་བལྟས་ན་གཏོར་བརླག་ཐེབས་མེད་པ་འདྲ་ན་ཡང་། དོན་དངོས་སུ་སྙེ་མ་ཚང་མ་བཅད་ཟིན། སྲན་མ་སོགས་ལ་ཡང་རྩ་བརླག་བཏང་ཡོད།
བསྡོམས་བརྩིས་བྱས་པར་གཞིགས་ན། ཐེངས་འདིའི་སེར་བས་གནོད་སྐྱོན་བཏང་བའི་ལི་ཐང་གི་རྫོང་མོ་ལ་ཤང་སྟོད་ཀྱི་སྲིད་འཛིན་གྲོང་ཚོ་11གི་དུད་ཁྱིམ་280དང་། མི་1965ལ་གནོད་སྐྱོན་ཐེབས་ཡོད་ཅིང་། ནས་མུའུ་1501དང་གྲོ་མུའུ་482 སྔོ་ཚལ་མུའུ་20བཅས་ལ་གནོད་འཚེ་ཐེབས་ཡོད། དེའི་ཁྲོད་དུ་ནས་མུའུ་770དང་གྲོ་མུའུ་241 སྔོ་ཚལ་མུའུ་15བཅས་ལ་གནོད་འཚེ་ཐེབས་ཡོད་པ་ལས། ནས་མུའུ་500དང་གྲོ་མུའུ་170 སྔོ་ཚལ་མུའུ་15བཅས་རྩ་བརླག་བཏང་ཡོད།